ཨ་རིས་བལ་ཡུལ་ནང་ཞི་བདེ་ལས་དོན་སྤེལ་རྒྱུར་མཉམ་ལས།

ཨ་རིའི་སྐུ་ཚབ་ནས་བལ་ཡུལ་ནང་ཞི་བའི་ལས་དོན་མགྱོགས་མྱུར་སྤེལ་རྒྱུར་མཉམ་ལས་གནང་རྒྱུའི་འདོད་ཚུལ་བཏོན་གནང་ཡོད་པ་རེད་

༄༅༎ཨ་རིའི་སྐུ་ཚབ་ནས་བལ་ཡུལ་ནང་ཞི་བའི་ལས་དོན་མགྱོགས་མྱུར་སྤེལ་རྒྱུར་མཉམ་ལས་གནང་རྒྱུའི་འདོད་ཚུལ་བཏོན་གནང་ཡོད་པ་རེད་

བལ་ཡུལ་ནང་གི་ཨ་རིའི་གཞུང་འབྲེལ་སྐུ་ཚབ་དུ་མིང་འདོན་བྱུང་བ་སི་ཀོཏ་ཌེ་ལི་སི་ཡིས་བལ་ཡུལ་ནང་ཞི་བའི་ལས་དོན་མགྱོགས་མྱུར་སྤེལ་རྒྱུར་རྒྱབ་སྐྱོར་དང་ཞི་བའི་ལས་གཞི་དེའི་འོག་བལ་ཡུལ་གཞུང་གིས་བལ་ཡུལ་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་རྒྱུར་བལ་ཡུལ་གྱི་སྲིད་དོན་དཔོན་རིགས་ཚོ་དང་མཉམ་ལས་གནང་རྒྱུ་ཡིན་པའི་སྐོར་ཨ་རིའི་གྲོས་ཚོགས་སུ་ལས་འཆར་སྙན་སྒྲོན་གནང་ཡོད་པ་དང་ སྐུ་ཞབས་སི་ཀོཏ་ཌི་ལི་སི་ཡིས་བལ་ཡུལ་ནང་མགྱོགས་མྱུར་ཞི་བའི་ལས་དོན་སྤེལ་ཐབས་ཀྱིས་རྩ་ཁྲིམས་གསར་བཟོ་ཐུབ་པ་ཡོང་རྒྱུར་ང་ཚོའི་ངོས་ནས་རོགས་རམ་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ཡང་ཁོང་གིས་ཨ་རི་གཞུང་གིས་བལ་ཡུལ་གྱི་མའོ་ཤོག་ཁག་གིས་ཨ་རིའི་ཐོ་གཞུང་ནང་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནས་ཕྱིར་བཏོན་གནང་རྒྱུའི་བལ་ཡུལ་གྱི་མའོ་ཚོགས་པའི་ཤོག་ཁག་གི་མིང་ཐོར་ལྟ་ཞིབ་གནང་བཞིན་པ་དང་མའོ་ཤོག་ཁག་གིས་ཨ་རིའི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནས་ཕྱིར་འདོན་ཐབས་ཀྱི་རྣམ་འགྱུར་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ཞིང་ དེང་སྐབས་བལ་ཡུལ་གྱི་ཆབ་སྲིད་གནས་སྟངས་ལ་འགྱུར་ལྡོག་ཕྱིན་པར་བརྟེན་ནས་ མའོ་ཤོག་ཁག་གིས་ཀྱང་རང་ཕྱོགས་ཀྱི་ལྟ་ཚུལ་དང་བྱ་སྤྱོད་ཁག་ལ་ཡང་འགྱུར་ལྡོག་གཏོང་བཞིན་ཡོད་སྟབས་ ང་ཚོས་མའོ་ཤོག་ཁག་ཨ་རི་གཞུང་གི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནས་མེད་པ་བཟོ་རྒྱུའི་ཐོག་བཟང་ཕྱོགས་ཀྱི་གོམ་སྟབས་སྤོ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་འདུག