བལ་ཡུལ་སྲིད་བློན་གྱིས་རྒྱལ་པོ་ཟུར་པར་ཉེན་བརྡ་བཏང་ཡོད་པ།

བལ་ཡུལ་རྒྱལ་པོ་ཟུར་པས་མང་ཚོགས་ལ་ཆབ་སྲིད་དང་འབྲེལ་བའི་གསུང་བཤད་གནང་བར་བརྟེན་སྲིད་བློན་གྱིས་ཉེན་བརྡ་བཏང་འདུག
2012-11-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎བལ་ཡུལ་གྱི་རྒྱལ་པོ་ཟུར་པ་ གྱ་ནན་རྡྷ་ར་ ཤྷས་ ཉེ་ཆར་མང་ཚོགས་ལ་ཆབ་སྲིད་དང་འབྲེལ་བའི་གསུང་བཤད་གནང་བར་བརྟེན། བལ་ཡུལ་གྱི་སྲིད་བློན་ སྦ་བུ་རམ་ སྦ་ཊ་ར་ཡི་ཡིས་རྒྱལ་པོ་ཟུར་པར་གཞུང་གི་འགྲོ་གྲོན་བཏང་སྟེ་ཆེ་མཐོང་སྤྲོད་བཞིན་པ་དེ་དག་ཕྱིར་བསྡུ་བྱ་དགོས་ཆགས་པའི་ཉེན་ཁ་ཡོད་ལུགས་བརྗོད་འདུག།
ཕྱི་ཟླ་ ༡༡ ཚེས་ ༦ ཉིན། བལ་ཡུལ་གྱི་རྒྱལ་པོ་ཟུར་པས་བལ་ཡུལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ པ་རཱ་སིར་མང་ཚོགས་འདུ་འཛོམས་ཤིག་གི་ཐོག ད་ལྟའི་བལ་ཡུལ་གྱི་འགོ་འཁྲིད་ཚོར་ཕུགས་རྒྱང་རིང་པོར་བལྟ་ཐུབ་པའི་བློ་སྤོབས་མེད་པ་དང། བལ་ཡུལ་རྒྱལ་ཁབ་ཀྱི་དཀའ་ངལ་སེལ་བའི་གཞི་ཡུལ་བཟང་ཤོས་ནི་རྒྱལ་པོའི་རིང་ལུགས་སླར་གསོ་བྱ་རྒྱུ་ཡིན་པ་གསུངས་པར་མ་ཟད། རྒྱལ་བརྒྱུད་རིང་ལུགས་ཀྱི་རྨངས་གཞི་བརྟན་པོ་དེ་མེད་ཚེ་བལ་ཡུལ་རྒྱལ་ཁབ་འདི་ཐོར་ཞིགས་སུ་འགྲོ་རྒྱུ་ངེས་པ་ཡིན་པ་གསུངས་ཡོད་པ་རེད།
ཕྱི་ལོ་ ༢༠༠༦ ལོར་ རྒྱལ་པོ་གྱ་ནན་རྡྷ་ར་ཤྷའི་དབང་ཆ་ཡོངས་རྫོགས་འཕྲོག་པའི་རྗེས་ཁོང་དང་ཁོང་གི་ནང་མི་ཚོ་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུའི་ཉེ་འགྲམ་གྱི་ས་ཁུལ་ཞིག་ཏུ་བཞུགས་ཀྱི་ཡོད་ཅིང། འདས་པའི་ལོ་ངོ་འགའ་ཤས་རིང་ཁོང་གིས་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་དེ་ཙམ་གནང་མེད་ན་ཡང། བར་སྐབས་ནས་ཆོས་ཕྱོགས་ཀྱི་དུས་ཆེན་སོགས་མང་ཚོགས་འདུ་འཛོམས་སར་ཁོང་ནས་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་གནང་ཤུགས་ཆེ་རུ་བཏང་པ་དང། ཐེངས་གཅིག་ཁོང་གིས་ད་ལྟའི་ཆབ་སྲིད་ཚོགས་པ་སུ་ཞིག་གིས་ཐག་གཅོད་གང་བྱས་ཀྱང་དེར་མི་དམངས་ཀྱི་ངོས་ནས་དྭོགས་ཟོན་ཆེན་པོ་བྱེད་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱལ་པོ་ཟུར་པས་ཆབ་སྲིད་དང་འབྲེལ་བའི་གཏམ་བཤད་ཞིག་བྱས་པའི་རྗེས་སྐབས་དེ་དུས་ཀྱི་བལ་ཡུལ་གྱི་སྲིད་བློན་ མ་ཧ་དེལྦ་ ཀུ་མར་ ནེ་པལ་ གྱིས། གལ་ཏེ་རྒྱལ་པོ་ཟུར་པས་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་མ་བྱས་ཚེ་ཁོང་བཙོན་ཁང་ནང་ཚུད་སྲིད་པའི་ཉེན་བརྡ་བཏང་བ་དང་ཆབས་གཅིག་རྒྱལ་རྒྱུད་རིང་ལུགས་སླར་གསོ་བྱ་རྒྱུའི་བསམ་བློ་ཡོངས་རྫོགས་དོར་དགོས་པའི་སློབ་སྟོན་ཡང་བྱས་ཡོད་པ་རེད།
བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཚོས་རྒྱལ་ཟུར་གྱ་ནན་རྡྷ་ར་ཤྷ་ལ་རྒྱབ་སྐྱོར་མེད་པ་ཧ་ཅང་གསལ་པོ་ཡིན་ན་ཡང་། བལ་ཡུལ་མི་དམངས་ཀྱི་ཁྲོད་དུ་ད་དུང་ཡང་རྒྱབ་སྐྱོར་བརྩི་བཀུར་གང་ཙམ་ཡོད་པ་རེད།།






མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།