༄༅༎བལ་ཡུལ་གཞུང་གི་ཉེན་རྟོག་པས་བོད་མི་དགུང་ལོ་༨༠ལྷག་ཅན་ཞིག་འཛིན་བཟུང་གིས་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་དང་མཉམ་རྒྱ་གར་ལ་ཕྱིར་ཕུད་བཏང་ཡོད་པ་རེད་འདུག
དེ་ཡང་གནས་ཚུལ་རྒྱུས་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཟླ་བ་འདིའི་ཚེས་༡ཉིན་བལ་ཡུལ་གཞུང་གི་ཉེན་རྟོག་པས་བོད་མི་ཞིག་མཐའ་མཚམས་གྲོང་ཁྱེར་ནེ་པ་ལུ་རྒན་ཇི་ཞེས་པ་ནས་འཛིན་བཟུང་བྱས་ཡོད་པ་དང་། བོད་མི་ཁོང་ལ་བལ་ཡུལ་རྒྱལ་ནང་དུ་འཛུལ་ཞུགས་དང་། གནས་སྡོད་བྱེད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་སོགས་གང་ཡང་མེད་པར་བརྟེན་ཉེན་རྟོག་པས་འདྲི་རྩད་རིམ་པ་བྱས་བ་བརྒྱུད་། ཚེས་༣ཉིན་བལ་ཡུལ་རྒྱལ་སའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་པ་དང་། ཕྱི་མི་ཞིབ་བཤེར་ལས་ཁུངས་ནས་ཁོང་ལ་འདྲི་རྩད་རིམ་པ་བྱས་མཐར་ཁོང་ནི་རྒྱ་གར་ནས་ཡོང་བ་ཡིན་པ་དང་། ཕ་ཡུལ་བོད་ལ་ཕྱིར་ལོག་བྱེད་མཁན་ཡིན་པ་གསལ་པོ་བཤད་ཡོད་ཀྱང་། བལ་ཡུལ་གཞུང་གིས་དཔལ་འབྱོར་གྱི་ཉེས་ཆད་བཅད་ནས་ཕྱིར་ཕུད་གཏོང་རྒྱུའི་ཐག་གཅོད་བྱུང་བ་ལྟར་། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའིོ་འབྲེལ་ཡོད་ལས་བྱེད་པས་བལ་ཡུལ་དུ་གནས་སྡོད་བོད་མི་ཁག་གཅིག་གི་ལག་ནས་ཞལ་འདེབས་བསྡུ་རུབ་བྱས་ནས་ཉེས་ཆད་སྤྲོད་ཐབས་བྱས་ཡོད་པ་དང་། ཉིན་དེའི་དགོང་དྲོ་ཕྱི་མི་ཞིབ་བཤེར་ལས་ཁུངས་ནས་རྒྱ་གར་ལ་ཕྱིར་ཕུད་བཏང་ཡོད་པ་རེད་འདུག།
