རྒྱུད་སྐུད་སྟེང་གི་བླ་སྲོག་གམ་(Soul on a String)་ཅེས་པའི་བོད་ཀྱི་སྐོར་བོད་སྐད་ནང་གི་གློག་བརྙན་གསར་པ་གཞན་ཞིག་ཕྱི་ཟླ་༨་པའི་ཚེས་༡༨་ཉིན། རྒྱ་ནག་གི་གློག་བརྙན་ཁང་གང་སར་གཟིགས་འབུལ་འགྲེམ་སྤེལ་བྱ་རྒྱུ་ཡིན་འདུག
དེ་ཡང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱུད་སྐུད་སྟེང་གི་བླ་སྲོག་གམ་(Soul on a String)་ཅེས་པའི་གློག་བརྙན་དེ་བཞིན་རྒྱ་རིགས་གློག་བརྙན་བཟོ་བསྐྲུན་མཁན་Zhang Yang ་ཟེར་བས་བཟོ་བསྐྲུན་བྱས་པ་ཞིག་ཡིན་འདུག་ལ་དེའི་གོང་ཁོང་གིས་ (Path of The Soul)་འམ་བླ་སྲོག་གི་ལམ་བུ་ཞེས་བོད་རིགས་མི་ཚང་གཅིག་གིས་བོད་ཆབ་མདོ་ནས་ལྷ་ས་བར་དང་། ལྷ་ས་ནས་གངས་རིན་པོ་ཆེ་བར་གནས་མཇལ་དུ་བསྐྱོད་པའི་དངོས་བྱུང་གི་གློག་བརྙན་བཟོ་བསྐྲུན་གནང་ཞིང་། གློག་བརྙན་དེ་ཕྱི་ཟླ་༦་པའི་ཚེས་༢༠་ཉིན་མང་ཚོགས་ལ་གཟིགས་འབུལ་འགྲེམ་སྤེལ་ཞུས་པའི་རྗེས་ད་བར་རྒྱ་ནག་མི་དམངས་ཤོག་སྒོར་ས་ཡ་༡༠༠་འམ་ཨ་སྒོར་ས་ཡ་༡༥་ལྷག་གི་ཚོང་རྒྱུག་ལམ་ལྷོང་ཤིན་ཏུ་ཆེན་པོ་བྱུང་འདུག
གོང་གསལ་རྒྱ་རིགས་གློག་བརྙན་བཟོ་བསྐྲུན་མཁན་(Zhang Yang)་ནས་བཟོ་བསྐྲུན་གནང་པའི་བོད་དང་འབྲེལ་བའི་གློག་བརྙན་གཉིས་པའམ་གསར་པ་(Soul on a String)་འམ་རྒྱུད་སྐུད་སྟེང་གི་བླ་སྲོག་ཅེས་པ་དེ་ནི། གནའ་སྔ་མོའི་བོད་ནང་བོད་མི་འགྲུལ་པ་ཞིག་ལ་ལམ་བར་དུ་རྩ་ཆེའི་རྡོ་ཞིག་རྙེད་པ་དང་། བོད་མི་འགྲུལ་པ་དེས་རྩ་ཆེའི་རྡོ་དེ་ཡོངས་ཁུངས་ཀྱི་གནས་རི་ཞིག་ལ་རང་སར་སྐྱེལ་ཐབས་བྱས་པའི་ལོ་རྒྱུས་སྐོར་ཡིན་འདུག
རྒྱ་ནག་གི་གློག་བརྙན་བསྐྱར་ཞིབ་པ་(Lu Jinbo) ་ཟེར་བས་བརྗོད་ན། རྒྱུད་སྐུད་སྟེང་གི་བླ་སྲོག་ཅེས་པའི་གློག་བརྙན་དེའི་ནང་བོད་ཀྱི་རིག་གཞུང་གསལ་འདོན་བྱས་པ་ཙམ་དུ་མ་ཟད། གློག་བརྙན་གྱི་ནང་དོན་ཆ་ནས་རིག་པའི་གཞུང་ལུགས་གཏིང་ཟབ་ཅིག་ཡོད་པར་བརྟེན་བསམ་བློ་གཏོང་དགོས་པའི་གློག་བརྙན་ཞིག་ཡིན་སྐོར་བསྔགས་བརྗོད་བྱས་འདུག ནང་གསལ་Soul on a String ་འམ་རྒྱུད་སྐུད་སྟེང་གི་བླ་སྲོག་ཅེས་པའི་གློག་བརྙན་དེ་བོད་སྟོད་སྔ་རི་ཁུལ་དུ་གནའ་བོའི་རིགས་གནས་ཤུལ་རྗས་ས་ཁུལ་ཁག་ཏུ་འཁྲབ་འཁྲིད་དང་པར་ལེན་བྱས་ཞིང་། མཛེས་སྡུག་ལྡན་པའི་བོད་ཀྱི་ཡུལ་ལྗོངས་མངོན་པར་མཐོང་རྒྱུ་ཡོད་འདུག
ཡང་རྒྱ་ནག་གི་Shanghai ་གྲོང་ཁྱེར་ནས་ཡིན་པ་Fang ཟེར་བ་ཞིག་གིས་ཁོ་པས་དེ་སྔོན་Path of the Soul འམ་བླ་སྲོག་གི་ལམ་བུ་ཞེས་པའི་གློག་བརྙན་བལྟས་པའི་རྗེས་བོད་མི་ཚོའི་ཆོས་དད་དང་ཡུལ་སྲོལ་གོམས་གཤིས་བཅས་པའི་སྐོར་ཁོ་པར་གོ་ཤེས་གཏིང་ཟབ་ཞིག་བྱུང་ལུགས་བརྗོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།