༧གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འཕྲིན།


2016.02.05
༧གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འཕྲིན་བསྩལ་བཞིན་པ། ༢༠༡༦།༢།༥ ༧གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འཕྲིན་བསྩལ་བཞིན་པ། ༢༠༡༦།༢།༥
དྲ་བཤུས

༧གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་འཚམས་འདྲི་དང་འབྲེལ་སྐུ་ཉིད་སྐུ་ཁམས་གསལ་ཐང་ངང་བཞུགས་ཡོད་པ་གསུངས་བ།

དེ་ཡང་སྤྱི་ལོ༢༠༡༦ཟླ་༢ཚེས༥ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་མི་ནེ་སོ་ཊ་ནས་གཞིས་བྱེས་བོད་མི་ཡོངས་ལ་བོད་རབ་གནས་མེ་སྤྲེའུ་གནམ་ལོ་གསར་དུ་བཞད་ལ་ཉེ་བར་དགའ་སྟོན་ལ་འཚམས་འདྲི་དང་མཉམ། སྐུ་ཉིད་སྐུ་ཁམས་གསལ་ཐང་ངང་བཞུགས་ཡོད་པ་བརྙན་མཐོང་བརྒྱུད་གསུངས་ཡོད་པ་རེད། གསུངས་འཕྲིན་ནང་། དེ་རིང་འདིར་ངོས་རང་ལྒང་པའི་ནད་གཞི་སྔོན་འགོག་གི་སྨན་བཅོས་བྱས་ནས་བསྡད་ཡོད། ད་ལན་གྱི་གོ་སྐབས་འདི་བརྒྱུད་ནས་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་དམངས་སེར་སྐྱ་རྒན་བྱིས་ཚང་མ་དང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་སེར་སྐྱ་མི་དམངས་རྒན་གཞོན་ཚང་མར་གོ་སྐབས་འདི་བརྒྱུད་ནས་གནམ་ལོ་གསར་ཚེས་འཆར་ལ་ཉེ་བར་བརྟེན། ཚང་མར་གུང་སེང་གི་བཀྲ་ཤིས་བདེ་ལེགས་ཞེས་ཞུ་འདོད་བྱུང་།
དེ་རིང་ཞུ་རྒྱུའི་རྒྱུ་མཚན་གཅིག་ནི། བར་སྐབས་ངོས་རང་འདིར་སྨན་བཅོས་བྱེད་པར་ཡོང་ཡོད་བར་བརྟེན་བོད་ཕྱི་ནང་དུ་གནས་པའི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་རྒྱ་ཆེའི་མི་དམངས་ཧ་ཅང་མང་པོ་ཞིག་གིས་ཞབས་རིམ་བསྒྲུབས་པ་དང་། སེམས་ཁུར་ལྗིད་པོ་ཞིག་བླངས་པ་སོགས་བྱུང་འདུག་པས། ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་རིང་ང་རང་གིས་ཁྱེད་རང་ཚོ་འདི་ལྟར་མཇལ་ནས་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་ ངོས་རང་འདིར་ཧ་ཅང་བདེ་ཐག་ཆོད་བྱས་ནས་བསྡད་ཡོད། སྨན་བཅོས་བྱ་རྒྱུའི་ཐོག་དུས་ཡུན་ཅུང་ཟད་འགོར་བ་ལས། ཉིན་རེར་སྐར་མ་འགའ་ཞིག་ཙམ་ལས་རྙོག་གྲ་ཚ་བོ་སོགས་གང་ཡང་མི་འདུག་པས་ལྷོད་ལྷོད་བྱས་ནས་ངལ་གསོ་བརྒྱབ་བསྡད་པ་ལྟ་བུར་བསྡད་ཡོད། དེ་ནས་་སྔ་དགོང་ངོས་ཀྱི་ཁ་འདོན་བྱ་རྒྱུའི་རིགས་དང་། བར་གསེང་ཡོད་པ་རྣམས་ལ་དཔེ་ཆ་ཕྲན་བུ་ཀློག་ནས་སྡོད་བཞིན་ཡོད་པས། ཁྱེད་རང་ཚོ་ཚང་མ་ཐུགས་ཁྲལ་གཏན་ནས་མ་གནང་རོགས་ཞེས་ཞུ་རྒྱུ་ཡིན།
ནམ་རྒྱུན་ང་རང་ཚོའི་ཁ་རྒྱུན་དུ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་ཞུ་སྲོལ་ཡོད་པ་རེད།  ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་པ་དེ་ནི་ཕྱེ་མར་ཟ་བ་དང་། ཆང་རག་འཐུང་བ། ཤོ་སྦག་རྩེ་བ་དེ་འདྲའི་སྐད་ཆ ཞིག་མ་རེད། བཀྲ་ཤིས་ཞེས་པ་དེ་ནི། འཇམ་དཔལ་མཚན་བརྗོད་ལས། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །ཞེས་སོགས་གསུངས་པ་ལྟར། བཀྲ་ཤིས་ཞེས་པ་དེ་ནི་ང་ཚོང་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཡིན། དེར་བརྟེན་བདེ་བའི་རྒྱུ་དེ་ཕན་པ་དང་བདེ་བ་སྟེར་མཁན་ཞིག་ཡིན་སྟབས། དེ་ལ་བཀྲ་ཤིས་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་བདེ་སྐྱིད་ཡོང་བའི་རྒྱུ་དགེ་བ་དེ་བསྒྲུབས་པ་ཡིན་ན་སོ་སོའི་མི་ཚེ་འདིར་གཞན་ཕན་གྱི་བསམ་པ་ཡོད་པ་དང་། གཞན་ལ་འཚེ་བ་མི་བྱེད་པ་དེ་འདྲའི་ཐོག་ནས་མི་ཚེ་བསྐྱལ་བ་ཡིན་ན། མི་ཚེ་དེ་ཉིད་བཀྲ་ཤིས་པ་ཞིག་བྱུང་བ་ཡིན། དེ་ལྟ་བུའི་བཀྲ་ཤིས་པའི་རྒྱུ་རྐྱེན་དེ་ལ་བརྟེན་ནས་འབྲས་བུ་བཀྲ་ཤིས་བདེ་ལེགས་ཞེས་པའི་བདེ་ནི་འཕྲལ་དུ་བདེ་བ་དང་། ལེགས་ཞེས་པ་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་ཐོབ་པ་བཅས་ནང་པ་སངས་རྒྱས་པའི་ཆོས་ཐོག་ནས་གསུངས་པ་ཡིན་དེ་ལྟར་དུ་འགྲོ་བཞིན་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་ཞུས་པ་དང་ཆབས་ཅིག་བཀྲ་ཤིས་བདེ་ལེགས་མིང་དོན་མཚུངས་པ་ཞིག་དང་། དོན་དང་ལྡན་པ་ཞིག་གནང་རོགས་གནང་ཞེས་ངོས་ནས་ཞུ་འདོད་བྱུང་།
ད་ལན་འདིར་སྨན་ཁང་གི་ལས་བྱེད་པ་ཚང་མས་དངོས་གནས་ཧ་ཅང་གི་སྙིང་ཉེ་པོ་དང་། སེམས་ཁུར་ཆེན་པོ་བླངས་པར་བརྟེན་ངོས་རང་སྨན་ཁང་དུ་ཧ་ཅང་བློ་བདེ་བག་ཕེབས་ཐོག་བསྡད་ཡོད། དེ་ལྟར་ངོས་རང་བློ་བདེ་བག་ཕེབས་ཐོག་བསྡད་པར་བརྟེན་མི་སུ་ཞིག་ཐུག་འཕྲད་བྱུང་ཡང་ཚང་མ་འཛུམ་ཤིག་ཤིག་ཐོག་བསྡད་ཡོད་པའི་སྐོར་ཁྱེད་རང་ཚོར་ཞུ་འདོད་བྱུང་།
དེ་དང་ཆབས་ཅིག་བོད་རིགས་མིན་པའི་འཛམ་གླིང་ཐོག་གི་ངོས་ཀྱི་ངོ་ཤེས་མི་སྣ་ཧ་ཅང་མང་པོ་ཞིག་ཡོད། དེ་ཡང་ཆོས་པའི་ནང་དུ་ཡོད་ལ། ཆོས་དད་མེད་པའི་ནང་དུའང་ཡོད། ལྷག་པར་ཚན་རིག་པའི་ཁྲོད་དུ་ཡང་མང་པོ་ཞིག་ཡོད་པ་རེད། ལྷག་པར་ཕྲུ་གུ་ཆུང་ངུའི་རིགས་ཀྱིས་ང་ལ་ཡིག་གེ་བྲིས་ནས་ངོས་ལ་ནད་གསོའི་འཚམས་འདྲི་བྱེད་མཁན་དེ་འདྲ་བྱུང་བས་དེ་དག་ཚང་མར་དེ་རིང་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད། ཚང་མས་སྨོན་ལམ་རྒྱབ་པ་དང་། སེམས་ཁུར་བླངས་པ་སོགས་བྱས་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞེས་བརྙན་མཐོང་བརྒྱུད་ནས་བཀའ་སློབ་སྩལ་གནང་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།
༧གོང་ས་མཆོག་གི་གསུངས་འཕྲིན་གཤམ་གྱི་དྲ་ཐོག་ནས་གཟིགས་ཐུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎