༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར།

ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་བར་གྲོས་མོལ་བསྐྱར་གསོ་གནང་རྒྱུར་རྒྱབ་སྐྱོར་ཞུ་གི་ཡོད་སྐོར།

༄༅༎རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོ་སྦ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་ཐོག་བཀའ་མོལ་གནང་བའི་ནང་ཁོང་གི་ངོས་ནས་རྒྱ་ནག་གཞུང་དང་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་བར་གྲོས་མོལ་བསྐྱར་གསོ་གནང་རྒྱུར་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད།

སྲིད་འཛིན་ཨོ་སྦ་མ་མཆོག་ཡིས་གསུངས་པར་ང་ཚོས་བོད་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ལ་ང་ཚོས་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་ལྷན་དུ་གྲོས་མོལ་གང་མགྱོགས་བསྐྱར་གསོ་ཡོང་རྒྱུར་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་དང་རྒྱ་ནག་གི་གྲངས་ཉུང་མི་རིགས་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་རྒྱུའི་ཐོབ་ཐང་དགོས་པའི་སྐོར་གསུངས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཡང་ནས་ཡང་དུ་ཏཱ་ལའི་བླ་མའི་སྐུ་ཚབ་ལྷན་དུ་གྲོས་མོལ་བྱ་རྒྱུར་དུས་རྟག་ཏུ་སྒོ་མོ་ཕྱེས་ནས་ཡོད་ཅེས་ཤོད་ཀྱི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་དུ་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྤེལ་ཏེ་བོད་རང་བཙན་འཐབ་རྩོད་གནང་གི་ཡོག་རེད་ཅེས་སྐྱོན་འཛུགས་ཞུས་པ་དང་༸གོང་ས་མཆོག་ནས་རྒྱ་ནག་གིས་བཤད་པའི་སྐྱོན་འཛུགས་རྣམས་བདེན་པ་མིན་པའི་གསལ་བཤད་ཡང་སེ་གནང་གི་ཡོད་པ་རེད། ཡིན་ནའང་ད་ལྟ་བར་དུ་འདས་པའི་མི་ལོ་བཅུ་ཕྲག་གཅིག་ཙམ་དེའི་རིང་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་ལ་གྲོས་མོལ་གནང་བ་དེ་དག་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་པ་གང་ཡང་བྱུང་མེད་པ་དང་ཉེ་ཆར་ཕྱི་ཟླ་བཅུ་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ལོ་གཅིག་དང་ཕྱེད་ཀའི་རྗེས་སུ་ཐེངས་དང་པོ་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་མཇལ་འཕྲད་ཞུས་མེད་པ་དེར་སྲིད་འཛིན་ཨོ་སྦ་མ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་སྲིད་འཛིན་གྱིས་༸གོང་ས་མཆོག་མཇལ་འཕྲད་མ་ཞུས་པ་ནི་རྒྱ་ནག་གཞུང་ལ་བསྟུན་མཁས་བྱས་པ་རེད་ཅེས་དང་དེ་སྔོན་ཁོང་གིས་སྲིད་འཛིན་གྱི་འོས་བསྡུའི་ནང་བཞེངས་སྐབས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་ལག་ལེན་དུ་འཁྱོལ་མེད་པའི་སྐྱོན་བརྗོད་ཞུས་ཡོད་ཅིང་ཡིན་ནའང་སྲིད་འཛིན་ལས་ཁུངས་ཀྱི་དཔོན་རིགས་ནས་སྲིད་འཛིན་རྒྱ་ནག་གི་འཚམས་འདྲི་གྲུབ་པའི་རྗེས་སུ་མཇལ་འཕྲད་གནང་གི་རེད་ཅེས་གསུང་གི་ཡོད་པ་རེད།