ཚོགས་དུས་ལྔ་པ་མཇུག་སྒྲིལ།

༄༅། །སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དེ་དེ་རིང་ལེགས་པར་མཇུག་སྒྲིལ་བྱུང་ཡོད་པ་དང། ད་རེས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དེའི་ནང་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༣།༢༠༡༤ ལོའི་སྔོན་རྩིས་རྒྱུན་གྲོན་དང། དམིགས་བསལ། དམིགས་བཀར་བཅས་ཀྱི་འགྲོ་སོང་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད། ད་རེས་ཀྱི་ཚོགས་དུས་དེའི་ནང་གཏན་འབེབས་བྱུང་བའི་འཆར་ལོའི་སྔོན་རྩིས་ལ་གཞིགས་པ་ཡིན་ན། ཁྱོན་བསྡོམས་ཧིན་སྒོར་ས་ཡ་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་ལྷག་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་ང་ཚོ་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ་གཞིར་བཟུང་བྱས་ན། ད་ལོའི་སྔོན་རྩིས་དེ་སྔ་ལོ་དང་བསྡུར་བ་ཡིན་ན། གང་ཙམ་གྱི་འཕར་ཆ་ཕྱིན་ཡོད་པ་དང། དེ་ཡང་གཙོ་བོ་ཤེས་རིག་ལས་ཁུངས་དང་། ནང་སྲིད་ལས་ཁུངས་ཀྱི་ནང་ལས་འཆར་གསར་པ་མང་པོ་ཞིག་ཡོད་པར་བརྟེན་ནས་ཡིན་པ་རེད་འདུག གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་དང་བསྟུན། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་སྐབས། ད་རེས་ཀྱི་གྲོས་ཚོགས་དེ་འཛམ་བུ་གླིང་གི་རྒྱལ་ཁབ་གཞན་དང་བསྡུར་བ་ཡིན་ན། ཞི་འཇམ་དང་བཟང་སྤྱོད་དང་ལྡན་པའི་ངང་མཇུག་སྒྲིལ་བྱུང་སྐོར་གསུངས་ཡོད་པ་རེད།།