བོད་ས་མཐོའི་འཁྱགས་ས་ཇེ་ཆུང་ལ་འགྲོ་བཞིན་ཡོད་འདུག

2014-06-17འདས་ཟིན་པའི་ལོ་ངོ་སུམ་ཅུའི་ནང་བོད་ས་མཐོའི་འཁྱགས་ས་བརྒྱ་ཆ་༡༦བཞུར་ཏེ་ཆུང་དུ་ཕྱིན་ཡོད་པ་རེད་འདུག
དེ་ཡང་ཟླ་དྲུག་པའི་ཚེས་༡༦ ཉིན་ཤིན་ཧཱ་གསར་ཤོག་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་གི་ཚན་རིག་ཞིབ་འཇུག་ཁང་གིས། འདས་པའི་ལོ་སུམ་བཅུའི་རིང་མི་བཟོས་སྲུང་སྐར་སོགས་ནས་རྟོགས་ཞིབ་བྱས་པ་བརྒྱུད། དེ་སྔའི་མཚོ་བོད་མཐོ་སྒང་གི་འཁྱགས་སའི་ས་ཁྱོན་ནས་ལོ་ངོ་སུམ་ཅུའི་ནང་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་གཅིག་དང་ཕྱེད་ཀ་ནས་གཅིག་དང་གྲངས་ཆུང་༢༦ བར་ཆུང་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། མཐོ་ཚད་མི་ཀྲར་༤༥༠༠ ཐོག་ཆགས་པའི་བོད་ས་མཐོའི་འཁྱགས་ས་རྒྱ་ཁྱོན་ཆུང་དུ་ཕྱིན་པ་དེ་ནི་འཛམ་གླིང་གི་གནམ་གཤིས་ཚ་དྲོད་ཆེ་རུ་ཕྱིན་པའི་ཐད་ཀའི་འབྲེལ་བ་ཆགས་ཡོད་པ་བཤད་ཡོད་པ་རེད། ད་དུང་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་གསར་པ་བཏོན་པའི་ནང་དུ། ལོ་ངོ་སུམ་ཅུའི་ནང་བོད་ནང་གི་སྤྱི་ཡོངས་ཀྱི་གནམ་གཤིས་ཀྱི་ཚ་ཚད་ནི་རིམ་པ་གཅིག་དང་གྲངས་ཆུང་༨ ཚ་རུ་ཕྱིན་ཡོད་པ་དེ་ནི། རྒྱ་ནག་ཁྱོན་ཡོངས་ཀྱི་གནམ་གཤིས་ཀྱི་ཚ་དྲོད་འཕེལ་ཚད་ལས་མཐོ་བ་ཡོད་པ་དང་། གནམ་གཤིས་འགྱུར་ལྡོག་འགྲོ་བའི་རྐྱེན་གྱིས། ད་དུང་བོད་ས་མཐོའི་འཁྱག་རོམ་ཡང་བཞུར་ཏེ་ཆུང་དུ་འགྲོ་བའི་རྐྱེན་དུ་གྱུར་ཡོད་པ་དང། དེ་ནི།༡༩༨༠ ལོ་ནས་བཟུང་ད་བར་དུ་བོད་ཀྱི་འཁྱགས་རོམ་ཀི་ལོ་མི་ཊར་གྲུ་བཞི་མ་བརྒྱད་སྟོང་ངམ་བརྒྱ་ཆ་༡༥ ཆུང་དུ་ཕྱིན་ཡོད་ལ། བོད་ཀྱི་འཁྱགས་རོམ་བཞུར་བའི་རྐྱེན་གྱིས་མཚོ་དང་གཙང་ཆུ་ཁ་མཐོ་རུ་ཕྱིན་ཏེ་ཆུ་ལོག་གི་གནོད་འཚེའི་ཉེན་ཁ་བཟོས་ཤིང་། ལོ་གཉིས་ཀྱི་གོང་ལ་བོད་ཀྱི་འདམ་གཞུང་ཁུལ་གྱི་གཙང་པོའི་ཁ་མཐོ་རུ་ཕྱིན་ཏེ་ཆུ་ལོག་གི་གནོད་འཚེ་ཡོང་རྒྱུའི་ཉེན་ཁ་འཕྲད་རྐྱེན་དེའི་ཁུལ་དུ་གནས་སྡོད་བྱེད་མཁན་བོད་མིའི་ཁྱིམ་ཚང་ས་མཐོ་སར་གནས་སྤོ་བྱས་པའི་གནས་ཚུལ་བྱུང་ཡོད་པའི་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2014-05-21

མཐོ་སྒང་བོད་དང་དེའི་ཉེ་འཁོར་ས་གནས་ཁག་གི་འཁྱག་རོམ་གྱི་རྒྱ་ཁྱོན་ཚད་གཞི་འདས་པའི་ལོ་༣༠ནང་བརྒྱ་ཆ་༡༥ཉུང་དུ་ཕྱིན་ཡོད་འདུག
དེ་ཡང་ཚེས་༢༡ཉིན་རྒྱ་ནག་གི་ཚན་རིག་ལྟེ་གནས་ཁང་གི་བོད་མཐོ་སྒང་ཞིབ་འཇུག་ཚན་པས་གནས་ཚུལ་སྤེལ་བ་ལྟར་ན། ཁོས་ཚོས་ཉམས་ཞིབ་བྱས་པ་བརྒྱུད། འཛམ་གླིང་གི་ཆུ་ཆེན་མང་པོ་ཞིག་གི་ཆུའི་འབྱུང་ཁུངས་མཐོ་སྒང་བོད་དང་དེའི་ཉེ་འཁོར་ས་གནས་ཁག་གི་འཁྱག་རོམ་གྱི་རྒྱ་ཁྱོན་འདས་པའི་ལོ་༣༠ནང་བརྒྱ་ཆ་༡༥ཉུང་དུ་ཕྱིན་ཡོད་པ་དང་། དེ་ནི་རྒྱ་ཁྱོན་ནས་རྩིས་ན་འཁྱག་རོམ་སྤྱི་ལེ་གྲུ་གཞི་མ་ལྔ་ཁྲི་གསུམ་སྟོང་ནས་བཞི་ཁྲི་ལྔ་སྟོང་བར་ཉུང་དུ་ཕྱིན་ཡོད་པ་རེད་འདུག
འཛམ་གླིང་གི་ཡང་རྩེར་གནས་པའི་བོད་ཀྱི་འཁྱག་རོམ་གྱི་རྒྱ་ཁྱོན་ལོ་རེ་ནས་ལོ་རེར་ཆུང་དུ་འགྲོ་བཞིན་པ་དེ་ནི། འཛམ་གླིང་གྱི་གནམ་གཤིས་ཚ་དྲོད་རྒྱས་པའི་རྐྱེན་གྱིས་ཡིན་པར་ཚན་རིག་པ་ཚོས་ངོས་འཛིན་གནང་གི་ཡོད་ཅིང་། རྒྱ་ནག་གི་ཚན་རིག་ལྟེ་གནང་ཁང་གི་ས་གཤིས་གྲང་མོ་དང་སྐམ་པོའི་ཁོར་ཡུག་ཞིབ་འཇུག་ཚན་པའི་ཚན་རིག་བརྟག་དཔྱད་ཁང་གི་ངེས་སྟོན་པ་Kang Shichang གིས། དུས་རབ་༢༠བའི་འགོ་སྟོད་ནས་བོད་མཐོ་སྒང་གི་འཁྱག་རོམ་ཞུ་ཚད་མྱུར་དུ་ཕྱིན་ཡོད་པ་དང་། ལྷག་པར་དུ་༡༩༩༠ནས་བཟུང་འཁྱག་རོམ་ཞུ་ཚད་ཧ་ཅང་མྱུར་དུ་ཕྱིན་ཡོད་པ་དང་། རི་བོ་ཇོ་མོ་གླང་མའི་རྩེ་མོའི་འཁྱག་རོམ་ལ་སེར་ཁ་ཆེན་པོ་ཤོར་ཡོད་པ་དེ་འཁྱག་རོམ་བཞུར་ཚད་མྱུར་དུ་འགྲོ་གི་ཡོད་པའི་རྟགས་མཚན་གསལ་པོ་རེད་ཅེས་འགྲེལ་བརྗོད་བྱས་འདུག མཚོ་བོད་མཐོ་སྒང་གི་ཁྱབ་ཁོངས་ནང་འཁྱག་རོམ་ཆེ་ཆུང་བཞི་ཁྲི་དྲུག་སྟོང་ལྷག་ཡོད་པ་དང་། དེ་ཚོ་ནི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐད་རྟོག་ཞིབ་གནང་ཡུལ་གཙོ་བོ་ཞིག་ཆག་གི་ཡོད་པ་རེད།
མདོ་དབུས་མཐོ་སྒང་ནི་འཁྱག་རོམ་གྱི་འབྱུང་ཁུངས་དང་། ཆུ་བོའི་འབྱུང་ཁུངས། སྐྱེ་ཁམས་ཀྱི་འབྱུང་ཁུངས། ཚེ་སྲོག་གི་འབྱུང་ཁུངས། ཤེས་རིག་གི་འབྱུང་ཁུངས་བཅས་འབྱུང་ཁུངས་ཆེན་མོ་ལྔའི་ལྟེ་བ་ཡིན་ཞེས་བཤད་སྲོལ་ཡོད།

གསར་འགོད་པ་རིག་ལྡན་སྒྲོལ་མ།