ར་ཤི་ཡའི་མཁས་དབང་ཞིག་གིས་བོད་སྐོར་གྱི་རྩོམ་དེབ།

ར་ཤི་ཡའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་རྒན་གྲས་མཁས་དབང་ཞིག་གི་ཕྱག་དེབ་གསུམ་བཅུའི་དུས་དྲན་གྱི་ཉིན་དབུ་འབྱེད།

༄༅༎ར་ཤི་ཡའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་རྒན་གྲས་མཁས་དབང་སེར་ཇི་ཡ་སི་ཨེལ་ཀུ་ཛི་མིན་གྱིས་བྲིས་གནང་པའི་སྦས་པའི་བོད་རང་བཙན་དང་དབང་བསྒྱུར་གྱི་ལོ་རྒྱུས་ཞེས་པའི་ཕྱག་དེབ་དེ་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་དབུ་འབྱེད་གནང་ཡོད་འདུག།

འདི་ནི་ར་ཤི་ཡའི་སྐད་ཡིག་ཐོག་བྲིས་པའི་བོད་ཀྱི་སྐོར་གྱི་དེབ་གསར་ཤོས་དེ་ཡིན་ཞིང་ལེའུ་བཅུ་གཉིས་ཡོད་པའི་དེབ་དེར་ཤོག་གྲངས་༥༤༡ ཡོད་པ་དང་དེའི་ཁོངས་སུ་བོད་ཀྱི་ས་ཆའི་ཆགས་བབས་དང་བོད་ནང་འགྲོ་བ་མིའི་རིགས་བྱུང་ཚུལ་གྱི་རི་མོའི་འདྲ་པར་ནས་དེང་སང་གི་བོད་ཀྱི་གནས་སྟབས་མཚོན་པའི་འདྲ་པར་སོགས་ཁྱོན་བསྡོམས་འདྲ་པར་ཤོག་གྲངས་༡༨༠ཙམ་ཡོད་འདུག།

དེབ་འདིའི་ནང་བོད་ནང་ཆོས་དང་རིག་གཞུང་འཕེལ་རྒྱས་བྱུང་ཚུལ་དང་ཆོས་དང་རིག་གཞུང་དེའི་ཐོག་ནས་བོད་མི་ཚོར་ཐོུང་མ་ཡིན་པའི་མི་རིགས་ཀྱི་ངོ་བོ་འབུར་ཐོན་བྱུང་ཚུལ་སོགས་ཞིབ་རྒྱས་བཀོད་ཡོད་འདུག་པ་མ་ཟད་ཕྱག་དེབ་བྲིས་པ་པོ་སྐུ་ཞབས་སེར་ཇི་ཡ་སི་ཨེལ་ཀུ་ཛི་མིན་གྱིས་རྒྱ་ནག་གི་ལོ་རྒྱུས་དང་ལྷག་པར་དུ་སྲིད་དོན་ལོ་རྒྱུས་ལ་དཔྱད་ཞིབ་ཀྱིས་རྒྱ་ནག་གི་ངོས་ནས་བོད་རྒྱ་ནག་གི་མངའ་འོག་ཡིན་པའམ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པ་དེ་ནི་རྒྱ་ནག་གི་ངོས་ནས་མི་རིགས་གྲངས་ཉུང་ངོས་འཛིན་བྱེད་སྟངས་ཐད་ནོར་འཁྲུལ་ཡོད་པ་དེ་དག་དང་འབྲེལ་བ་ཆགས་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།

དེར་བརྟེན་དེབ་དེའི་ནང་རྩོམ་པ་པོས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་རྒྱལ་ཁབ་ཀྱི་གནས་བབ་དུས་ནམ་ཡང་ཤོར་མེད་ཀྱང་ བཙན་གནོན་དབང་བསྒྱུར་འོག་ཚུད་པའི་ཡུལ་གྲུ་ཞིག་ཡིན་པ་རྩོད་མེད་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།

ད་དུང་ཕྱག་དེབ་རྩོམ་པ་པོ་མཁས་དབང་སྐུ་ཞུབས་སེར་ཇི་ཡ་སི་ཨེལ་ཀུ་ཛི་མིན་གྱིས་བོད་འདི་སོག་པོ་ཡོན་དུས་རབས་དང་མན་ཇུའི་དུས་རབས་བཅས་པར་རང་བཙན་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་གནས་པ་ལས་ ཡོན་དང་མན་ཇུ་གཉིས་ཀའི་དབང་འོག་གནས་མེད་ལ་ རྒྱ་རིགས་ཐང་དང་མིང་རྒྱལ་རབས་སྐབས་ཀྱང་བོད་རྒྱ་ནག་གི་ཆ་ཤས་སུ་ཚུད་མེད་པ་རེད་ཅེས་དང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་བོད་བཙན་འཕྲོག་བྱས་པ་དེ་ནི་ཁྲིམས་འགལ་ཞིག་ཡིན་པ་དང་ཁྲིམས་ཐོག་ནས་བོད་འདི་བཙན་འོག་ཚུད་པའི་ཡུལ་གྲུ་ཞིག་ཡིན་པ་གསལ་བཤད་གནང་ཡོད་འདུག།