སྔ་ཕྱིར་གསེར་རྟ་ཆོས་སྒར་ནས་གྲྭ་ཤག་བདུན་སྟོང་གཏོར་འདུག

2017-06-21
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
གསེར་རྟ་བླ་རུང་ཆོས་སྒར། ༢༠༡༧
གསེར་རྟ་བླ་རུང་ཆོས་སྒར། ༢༠༡༧
བོད་འབྱོར།

དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་ན་ནིང་དང་ད་ལོར་ཁྱོན་བསྡོམས་གྲྭ་བཙུན་མི་གྲངས་ ༤༨༢༨ ཕྱིར་ཕུད་བཏང་ཟིན་པ་དང་། ༢༠༠༡་ལོ་ནས་ད་བར་སྔ་ཕྱིར་བསྡོམས་པས་གྲྭ་ཤག་དང་ཁང་པ་བདུན་སྟོང་ལྷག་གཏོར་བཤིག་བཏང་ཡོད།
དེ་ནི་ན་ནིང་ནས་ད་ལོའི་སྤྱི་ཟླ་ལྔ་བ་བར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ནས་ཁྱོན་བསྡོམས་གྲྭ་བཙུན་མི་གྲངས་༤༨༢༨་བཙན་གྱིས་ཕྱིར་ཕུད་བཏང་ཟིན་པ་དང་། གྲྭ་ཤག་དང་ཁང་པ་༤༧༢༥་གཏོར་བཤིག་བཏང་ཡོད་པ་རེད།
དེ་སྔ་སྤྱི་ལོ་༡༩༩༩་ལོ་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་ཚོད་འཛིན་དང་གྲྭ་ཤག་གཏོར་བཤིག་གི་འཆར་གཞི་གཏིང་བ་དང་། སྤྱི་ལོ་༢༠༠༡་ལོར་དངོས་སུ་ལག་བསྟར་བྱས་ནས་རྒྱ་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ལ་ཡོད་པའི་ཕྱི་ཕྱོགས་ཀྱི་གྲྭ་བཙུན་སློབ་གཉེར་བ་༡༥༠༠་ལྷག་ཕྱིར་ཕུད་བཏང་བ་དང་། ཆོས་སྒར་རང་གི་གྲྭ་བཙུན་མང་པོ་བཙན་གྱིས་ཕྱིར་ཕུད་པ། དམག་མི་དང་རྒྱ་མི་ལས་བཟོ་བ་༥༠༠་ལྷག་བཏང་སྟེ་ཉིན་གྲངས་༡༣་ནང་གྲྭ་ཤག་གྲངས་༡༨༧༤་དང་སྒོམ་ཁང་༢༠༠༠་ལྷག་རྩ་གཏོར་བཏང་ཐོག་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་སྐབས་དེའི་རྒྱུན་ལྡན་གྱི་གསུང་ཆོས་ཆ་ཚང་བཙན་གྱིས་མཚམས་འཇོག་བྱེད་བཅུག་ཡོད་ལ་རྗེས་སུ་༢༠༠༤ ཟླ་༡་ཚེས་༧་ཉིན་མཁན་པོ་མཆོག་སྐུ་གྲོངས་ཡོད་པ་རེད།
འདི་ཚེས་༢༠་ཉིན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསེར་རྟ་བླ་རུང་ཆོས་སྒར་དང་། པདྨ་མཁའ་འགྲོའི་འདུ་གླིང་གི་གྲྭ་བཙུན་ཡོངས་ལ་གསུངས་བཤད་གནང་སྐབས། གསེར་རྟ་ཆོས་སྒར་ལ་དཀའ་ངལ་རིམ་པ་གཉིས་བྱུང་བ་ནི་གསེར་རྟ་སྒར་གྱི་ལོ་ངོ་༤༠་རིང་བྱུང་མ་མྱོང་བའི་དཀའ་ངལ་ཡིན་མོད། ཡང་ཡང་རེ་སྐུལ་ཞུས་བ་ལྟར་གྲྭ་བཙུན་ཚོས་སངས་རྒྱས་ཀྱི་གསུངས་དང་། བླ་མའི་བཀའ་བཅས་ལ་བརྩིས་ནས་བཟོད་སྒོམ་ཆེན་པོས་ཞི་འཇམ་བྱུང་བ་དང་བསླབ་པ་སློབ་གཉེར་ཡག་པོ་གནང་བཞིན་པར་བསྔགས་བརྗོད་གནང་ཐོག་བླ་རུང་ཆོས་སྒར་དང་ཁ་བྲལ་དགོས་བྱུང་བའི་ཕྱོགས་མཐའ་ཁག་གི་གྲྭ་བཙུན་རྣམས་ནམ་ཡང་མི་བརྗེད་པར་བསླབ་པ་སློབ་གཉེར་སོགས་ལ་གཅིག་མཚུངས་ལྟ་རྟོག་ཐུབ་པ་ཡོང་རྒྱུའི་གོ་བསྡུར་གནང་བཞིན་པ་གསུངས་འདུག
གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་གནས་ཚུལ་ཐད་དབུས་བོད་མིའི་སྒྲིག་འཛུགས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། དེ་བཞིན་ཨ་རི་སོགས་ཡུལ་གྲུ་འདྲ་མིན་གྱི་གཞུང་དང་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་ཆེན་པོ་བྱ་དང་བྱེད་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།