སྲིད་སྐྱོང་གིས་དགའ་བསུ་ཞུས་པ།

༄༅། །ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་ལུགས་ཚོགས་ཆུང་གིས་བོད་མི་སྐྱབས་བཅོལ་བ་ ༥༠༠༠ ལ་ཐོངས་མཆན་སྤྲོད་རྒྱུར་ངོས་ལེན་གནང་བར་སྲིད་སྐྱོང་མཆོག་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མཐུན་རྐྱེན་འདིས་བོད་མི་རྣམས་སེམས་ཤུགས་འཕར་རྒྱུ་དང་། རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་མིའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་ད་དུང་། གྲོས་དོན་འདི་ངོས་ལེན་གནང་བ་ལ་བརྟེན་ནས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ཁག་ལ་གདོང་ལེན་བྱེད་བཞིན་པའི་བོད་མི་རྣམས་ལ་དོན་དམ་གྱི་རྒྱབ་སྐྱོར་མཚོན་པས་མ་ཚད། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་དུས་ཡུན་རིང་པོ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དོན་དངོས་ཐོག་རྒྱུན་སྐྱོང་གནང་བ་ཡང་མཚོན་གྱི་ཡོད་ཅེས་གསུངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། སྲིད་སྐྱོང་མཆོག་ནས་བརྒྱུད་རིམ་མང་པོ་ཞིག་གི་རྗེས་ལ་ད་རེས་ཀྱི་གནས་སྟངས་དེའི་ཐོག་སླེབས་པ་ཞིག་ཡིན་སྐོར་གསུངས་ཡོད་པས་མ་ཚད། བོད་མི་མང་ཚོགས་ལ་དམིགས་ནས་གསུངས་སྐབས། ཨ་རིའི་ཕྱི་མི་གཞིས་སྤོས་ཀྱི་ཁྲིམས་གཞིའི་ནང་བོད་འབྲེལ་བསྐྱར་བཅོས་གྲོས་འཆར་བཅུག་ཡོད་པ་དེ་ནི་བརྒྱུད་རིམ་རིང་པོའི་ནང་གི་གོམ་པ་དང་པོ་ཙམ་ཡིན་སྐོར་གསུངས་ཡོད་པ་རེད། དེ་ཡང་ཐོག་མར་གྲོས་ཚོགས་གོང་མའི་ཁྲིམས་ལུགས་ཚོགས་ཆུང་དང་། དེའི་རྗེས་ཕྱི་མི་གཞིས་སྤོས་ཁྲིམས་ཡིག་ལ་གྲོས་ཚོགས་གོང་མས་སྤྱི་མོས་ངོས་ལེན་ཐོབ་དགོས་པ་དང། དེ་ནས་གྲོས་ཚོགས་འོག་མའི་ངོས་ནས་ཕྱི་མི་གཞིས་སྤོས་ཁྲིམས་ཡིག་ཅིག་ཟུར་དུ་བཟོ་སྒྲིག་གནང་དགོས་ཡོད། དེ་ནས་གོང་གི་ཁྲིམས་འཆར་གཉིས་གཅིག་ཏུ་བསྒྲིལ་དགོས་པ་ཡིན། དེར་བརྟེན་ཕྱི་མི་གཞིས་སྤོས་ཀྱི་བསྐྱར་བཅོས་གྲོས་འཆར་འདི་ནི་ཧ་ཅང་རྙོག་འཛིངས་ཆེ་བའི་གནད་དོན་ཞིག་ཡིན་སྟབས་མཐའ་མཇུག་ཏུ་ཁྲིམས་གཞི་དེར་མཐའ་མའི་མོས་མཐུན་མ་ཐོབ་པའི་གནས་སྟངས་ཡང་ཆགས་སྲིད་པར་བརྟེན། བོད་མི་རྣམས་ནས་དོན་མེད་འུར་འདྲོགས་མ་གནང་རོགས་ཞེས་གསུངས་ཡོད་པ་རེད།།