༄༅༎ ཕྱི ཟླ་ ༣ ཚེས་ ༡༠ ཉིན་ཡུ་རོབ་བོད་རིགས་མཐུན་ཚོགས་དང་བོད་ཀྱི་དོན་གཅོད་ཁང་སོགས་ཀྱིས་གོ་སྒྲིག་འོག་ཡུ་རོབ་མཐུན་ཚོགས་ཀྱི་བསྟི་གནས་སྦེལ་ཇེམ་གྱི་རྒྱལ་ས་སྦར་སིལ་ནང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་ཞུས་གནང་འདུག། ཡུ་རོབ་ཡུལ་གྲུ་ཁག་བཅུ་བདུན་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་གྲངས་ ༤༠༠༠ བརྒལ་བ་མཉམ་འཛོམས་གནང་ཡོད་ཅིང༌། ཁ་ས་སྔ་དྲོ་ཕྱག་ཚོད་ ༡༡ པའི་ཐོག་ སྦར་སིལ་མེ་འཁོར་བབས་ཚུགས་ནས་སྒྱུ་རྩལ་ཐང་ཆེན་བར་རྔམ་སྟོན་ཁྲོམ་སྐོར་གནང་གྲུབ་མཚམས་ཐང་ཆེན་དུ་ལྷན་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཡོད་པ་རེད།
མཛད་སྒོའི་ཐོག་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་པའི་ནང་ནས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་འདུག། ཚོགས་གཙོ་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་ཞུ་བའི་སྐབས་འདིར། བོད་ནང་ད་བར་བོད་མི་ ༡༠༧ གྱིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་གནང་ཡོད་པའི་ཁོངས་ནས་མང་ཆེ་བ་འདས་གྲོངས་སུ་གྱུར་ཡོད་པའི་ཛ་དྲག་ཅན་གྱི་དུས་ཚོད་ཅིག་ཡིན་པ་དང༌། བཙན་བྱོལ་ནང་ནས་ཀྱང་བོད་མི་ཁག་ཅིག་གིས་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་སླད་རང་ལུས་མེར་སྲེག་བཏང་ཡོད་པའི་སྐོར་གསུངས་ཏེ། ད་རེས་ཡུ་རོབ་ཁུལ་གྱི་བོད་མི་ཚང་མས་མ་བགྲོས་བསམ་པ་གཅིག་མཐུན་གྱི་
སྒོ་ནས་ཡུ་རོབ་ནང་ལོ་རྒྱུས་ལྡན་པའི་ལས་འགུལ་ཞིག་སྤེལ་གནང་ཡོད་པར་བརྟེན་ལས་འགུལ་གོ་སྒྲིག་ཞུ་གནང་མཁན་དང༌། ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་དང་བོད་མིའི་དཀའ་རྙོག་མ་སེལ་བར་དུ་མུ་མཐུད་ལས་འགུལ་དེའི་རིགས་སྤེལ་དགོས་པ་ཞིག་ཆགས་ཀྱི་ཡོད་པའི་སྐོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འགྲེལ་བརྗོད་གནང་བཞག།
