༄༅༎བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཚོགས་གཙོ་སྐུ་ཞབས་ཀརྨ་ཆོས་འཕེལ་ལགས་ཕྱི་ཚེས་ ༣ ཉིན་ཉི་ཧོང་དུ་འཚམས་འདྲིར་ཕེབས་ཡོད་པ་དང་ ཁོང་ད་རེས་ཉི་ཧོང་གི་འཚམས་འདྲི་དེ་ནི་ཐེ་དབན་དམངས་གཙོ་ཐེབས་རྩ་ཁང་གིས་གདན་ཞུ་གནང་བ་ལྟར་ཕྱི་ཚེས་ ༤ ནས་ ༥ ཉིན་གྲངས་གཉིས་རིང་ཉི་ཧོང་གི་རྒྱལ་ས་ཊོ་ཀྱིཡོ་དུ་ཚོགས་པའི་རྒྱ་ནག་གཙོ་བོར་འགྱུར་བའི་ཨེ་ཤི་ཡའི་མངའ་ཁུལ་ནང་དམངས་གཙོ་ཅན་དུ་འགྱུར་རྒྱུར་རྒྱལ་སྤྱིའི་རྒྱབ་སྐྱོར་ཞུ་རྒྱུའི་ཕྱི་ལོ་ ༢༠༠༨ ལོའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་ཚོགས་བཅར་གནང་རྒྱུ་མ་ཟད་ ལྷན་ཚོགས་དེའི་ཐོག་གཙོ་བོའི་གསུང་བཤད་གནང་མཁན་ཡིན་པ་རེད། ཉིན་གཉིས་ཀྱི་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་ནི་རྒྱ་ནག་དང་ཨེ་ཤི་ཡའི་ནང་དམངས་གཙོ་དར་འཕེལ་གཏོང་ཐབས་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་ཚོགས་པ་འགའ་ཤས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང༌། ཕྱི་ཚེས་ ༤ སྔ་དྲོ་ལྷན་ཚོགས་དེའི་ཉིན་ཐོག་མའི་དབུ་འབྱེད་མཛད་སྒོའི་སྐབས་ཉི་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་ མ་ཀི་ནོ་སེ་ཤུ་ དང་དེ་བཞིན་ཇར་མ་ནིའི་གྲོས་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་ལྷན་ཚོགས་དེའི་ཚོགས་གཙོ་སྐུ་ཞབས་ ཀོལོ་སེ་རོཛ་ ནས་ལྷན་ཚོགས་འདིའི་ནང་ཕེབས་པའི་སྐུ་ཚབ་རྣམས་དང་ཚོགས་བཅར་བ་རྣམས་ལ་དགའ་བསུའི་གསུང་བཤད་གནང་སྟེ་ད་རེས་ཀྱི་ལྷན་ཚོགས་འདི་ནི་རྒྱ་ནག་དང་ཨེ་ཤི་ཡའི་ཁུལ་དུ་དམངས་གཙོ་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར་ཞུ་རྒྱུའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་གསུམ་པ་ཡིན་པ་དང་ ཐེངས་དང་པོ་ཕྱི་ལོ་ ༢༠༠༦ ལོར་ཇར་མ་ནིའི་རྒྱལ་ས་སྦར་ལིན་དང་ལྷན་ཚོགས་གཉིས་པ་དེ་ཕྱི་ལོ་ ༢༠༠༧ ལོར་སྦེལ་ཇིཡེམ་གྱི་རྒྱལ་ས་ སྦ་ར་སལ་སེ་ ནང་ཚོགས་པའི་འབྱུང་རིམ་དང་ལྷན་ཚོགས་ཀྱི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་ཡོད་པ་རེད། བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ཞིག་ཀྱང་གནང་ཡོད་པ་སྒྲོག་སྦྱང་གནང་སྟེ་དེའི་ནང་ལ་དམངས་གཙོ་ཟེར་བ་འགྲོ་བ་མིའི་རིགས་ལ་མེད་དུ་མི་རུང་བའི་ཐོབ་ཐང་ཞིག་དང་རང་དབང་ཞེས་པ་དམངས་གཙོར་མེད་དུ་མི་རུང་བ་ཞིག་ཡིན་པས་དེ་གཉིས་སྒེར་དང་སྤྱི་ཚོགས་གཉིས་ཀར་ཡར་རྒྱས་དང་གསར་གཏོད་ཀྱི་ནུས་པའི་འབྱུང་ཁུངས་གལ་ཆེན་པོ་ཞིག་ཡིན་པ་དང་རྒྱ་ནག་ནང་དམངས་གཙོ་ཅན་དུ་འགྱུར་རྒྱུར་ཕྱི་ཕྱོགས་ནས་མངོན་དུ་འགྱུར་ཐུབ་རྒྱུ་མིན་པ་དང་ གཙོ་བོ་རྒྱ་ནག་མི་དམངས་ཚོར་ནུས་པ་ལྡན་ཡོད་པར་བརྟེན་ནས་ རྒྱ་ནག་མི་དམངས་ལ་གོ་རྟོགས་སྤེལ་རྒྱུ་དང་ཁོང་ཚོའི་བློ་ཁ་འབྱེད་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད་
བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཀྱང་ལྷན་ཚོགས་གོ་སྒྲིག་གནང་མཁན་ཚོར་དུས་དང་འཁེལ་བའི་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག་རྒྱ་ནག་ནང་ཉིན་ཞིག་དམངས་གཙོ་ཅན་དུ་འགྱུར་རྒྱུ་ཡིན་པ་ཡིད་ཆེས་བརྟན་པོ་ཡོད་པའི་སྐོར་སོགས་གསུང་བཤད་གནང་ཡོད་པ་རེད། ད་རེས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་འདིའི་ཚོགས་བཅར་བ་ ཨོ་སོ་ཀྲོ་ལི་ཡ་ དང་ ཁེ་ན་ཌ། ཐེ་དབན། ཉི་ཧོང༌། ཧོང་ཀོང༌། ཡུ་གུར། ནང་སོག་བཅས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་དང་མཁས་དབང༌། གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་འཕེལ་ཐབས་ཕྱག་ལས་གནང་མཁན་གྱི་ཚོགས་པ་ཁག་གི་སྐུ་ཚབ་གསུམ་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་པ་རེད།
