གསུང་རབ་ལགས་བཙོན་འགྲོལ།

༄༅། །དེ་ཡང་ང་ཚོ་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། བོད་མདོ་སྨད་ཀན་ལྷོ་རྨ་ཆུ་ཕྱོགས་ཀྱི་རེ་བའི་རྐང་ལམ་ཚགས་པར་གྱི་རྩོམ་སྒྲིག་མི་སྣ་དང་དགེ་རྒན་གསུང་རབ་རྒྱ་མཚོ་ལགས་རྒྱ་ནག་གི་བཙོན་འོག་ནས་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཁུར་ནས་ཉིན་ཤས་གོང་བཙོན་འགྲོལ་ཐོབ་པ་དང་། ཟླ་འདིའི་ཕྱི་ཚེས་༢༡ཉིན་དངོས་སུ་ཁོང་གི་ཕ་ཡུལ་རྨ་ཆུ་ལ་འབྱོར་སྐབས། ས་གནས་བོད་མི་མང་པོས་གཞུང་ལམ་གཡས་གཡོན་ནས་ཁོང་ལ་ཕེབས་བསུ་ཞུས་པ་དང་། རྟེན་འབྲེལ་དང་ཁམས་འདྲིའི་ཁ་བཏགས་ཕུལ་ནས་དགའ་བསུ་ཤུགས་ཆེན་བྱས་འདུག ད་དུང་ཉེ་འཁོར་གྱི་མི་མང་པོ་མུ་མཐུད་ཁོང་བཞུགས་སར་ཡོང་ནས་ཁ་བཏགས་འཐེན་པ་དང་། མཚམས་འདྲི་བྱེད་བཞིན་ཡོད་འདུག་པ་དང་། ས་གནས་བོད་མི་ཞིག་གིོས་བརྗོད་དོན། ཁོང་ནི་ས་གནས་སུ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་སྐད་ཡིག་རིག་གནས་ཐད་ནུས་པ་ཆེན་པོ་བཏོན་མཁན་ཚང་མས་དགའ་བསུ་ཐོབ་བཞིན་པའི་མི་ཞིག་ཡིན་པས་ད་ཐེངས་བཙོན་གྲོལ་ཐོབ་པར་དགའ་སྤྲོ་བྱུང་ལ། མ་འོངས་པར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་གི་ལྷག་བསམ་ལས་དོན་ཐད་སུན་གཙེར་བྱས་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཡང་ཡོང་གི་འདུག་ཟེར། ཡང་དྷ་སར་གནས་སྡོད་རྨ་ཆུ་བ་ལྷ་མོ་སྐྱབས་ཀྱིས་བརྗོད་དོན། གསུང་རབ་རྒྱ་མཚོ་བཙོན་འགྲོལ་ཐོབ་ཀྱང་ཁོང་གི་མཁལ་རྐེད་དེ་ཙམ་བདེ་བོ་མེད་པར་ཆགས་འདུག་པ་གོ་ཐོས་བྱུང་བས་སྐུ་གཟུགས་ཀྱི་གནས་སྟངས་ཐད་བློ་འཚབ་ཡོད་ཟེར། གསུང་རབ་རྒྱ་མཚོ་ལགས་༢༠༠༨ ལོར་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་ཐེངས་གཉིས་བྱས་མྱོང་བ་དང་། རྗེས་སུ་༢༠༠༨ ལོའི་རྨ་ཆུ་རྫོང་གི་བོད་མིའི་ཞི་རྒོལ་དང༌། ༢༠༡༠ ལོའི་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མའི་ཞི་རྒོལ་སྐབས་སྣེ་ཁྲིད་བྱེད་མཁན་གྱི་དྭོགས་གཞི་བྱས་ཏེ་༢༠༡༠ ལོའི་ཟླ་ ༣ ཚེས་ ༢༥ ཉིན་འཇུ་བཟུང་བྱས་པ་དང་། ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༡༦ ཉིན་ཀན་ལྷོ་གཙོས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་ལོ་ ༣ དུས་བཀག་བཙོན་འཇུག་གིས་ཁྲིམས་ཆད་བཏང་བ་ཡིན་པ་རེད།།