རྒྱ་གར་བོད་ཀྱི་གྲོགས་པོ་ཚོཊ་པས་བོད་དོན་གོ་རྟོགས་སྤེལ་འཆར།

2009-07-03

རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པས་ལྷོ་ཕྱོགས་མའེ་སོར་ཁུལ་བོད་ཀྱི་བདེན་པའི་གོ་རྟོགས་ཐོབ་པའི་ཉིན་མོ་སྲུང་བརྩི་ཞུས་གནང་རྒྱུ་ཡིན་འདུག

༄༅༎ཕྱི་ཟླ་བདུན་པའི་ཚེས་དྲུག་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པས་ལྷོ་ཕྱོགས་མའེ་སོར་ཁུལ་བོད་ཀྱི་བདེན་པའི་གོ་རྟོགས་ཐོབ་པའི་ཉིན་མོ་སྲུང་བརྩི་ཞུས་གནང་རྒྱུ་ཡིན་འདུག

རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་གོང་ཞུས་ཉིན་མོ་དེ་སྲུང་བརྩི་གནང་རྒྱུ་ཡིན་ཞིང་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་དམག་དཔོན་ཟུར་པ་ཨེཇ་ར་ཇ་གོ་པ་ལས་གསར་འགོད་པ་ཚོར་བོད་ཀྱི་བདེན་པའི་གནས་ཚུལ་སྐོར་གོ་རྟོགས་སྤེལ་རྒྱུའི་དམིགས་ཡུལ་གཙོ་བཟུང་ཐོག་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་བོད་དོན་གོ་རྟོགས་སྤེལ་པའི་ཉིན་མོ་སྲུང་བརྩི་གནང་འཆར་ཡོད་པའི་སྐོར་གསུངས་འདུག ཡང་ཁོང་གིས་བོད་དེ་བཞིན་རྒྱ་དཀར་ནག་གཉིས་དབར་གྱི་བར་གནས་མངའ་ཁུལ་ཞིག་ཡིན་པའི་ཆ་ནས་རྒྱ་གར་གྱི་རྒྱལ་སྲུང་གནས་བབས་ཐད་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རྒྱ་གར་གྱི་སྦར་ཊི་ཡ་ཇ་ན་ཊ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སི་ཐོན་ཏ་རྡར་ཡ་ཡིས་རྒྱ་གར་གྱིས་བོད་དོན་ཐད་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱ་ནག་གི་བཙན་འོག་ནས་བོད་ལ་རང་དབང་ཐོབ་ཐབས་ཀྱི་རྒྱབ་སྐྱོར་རོགས་རམ་གནང་དགོས་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་དམ་འཛིན་ཡག་པོ་གནང་གི་མེད་པར་བརྟེན་རྒྱ་གར་མང་ཚོགས་ཀྱིས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་སྣེ་འཁྲིད་ངེས་པར་བྱ་གལ་ཆེ་སྐོར་གསུངས་ཏེ་རྒྱ་གར་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་ཀྱི་གནད་དོན་སྐོར་གླེང་སློང་ཙམ་ཡང་གནང་མེད་ལུགས་འགྲེལ་བརྗོད་གནང་བཞག

རྒྱ་གར་ལྷོ་ཕྱོགས་མའེ་སོར་མངའ་ཁུལ་དུ་ཇག་མོ་ཧན་པེ་ལེ་སི་ཞེས་པའི་ཚོགས་ཁང་ཆེན་མོའི་ནང་གོ་སྒྲིག་གནང་རྒྱུའི་བོད་དོན་གོ་རྟོགས་སྤེལ་བའི་ཉིན་མོ་སྲུང་བརྩིའི་འདུ་འཛོམས་ཐོག་ལྷོ་ཕྱོགས་ཀྱི་གསར་འགོད་པ་ཨེསི་གུ་རུ་མུར་ཐི་དང་སུ་ལྦ་མི་མུཀ་ཏི་རྡ་ནན་རྡ་རྣམ་གཉིས་ཀྱིས་གཏམ་བཤད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org