༄༅༎ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཐའེ་ལྦན་གྱི་རྒྱལ་དོན་དུས་ཆེན་ཉིན་ཐའེ་ལྦན་དང་རྒྱ་ནག་དབར་ཞི་བའི་འབྲེལ་ལམ་མུ་མཐུད་ནས་འབད་བརྩོན་གནང་རྒྱུའི་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།
ད་རེས་ཕྱི་ཟླ་བཅུ་པའི་ཚེས་བཅུའི་ཐའེ་ལྦན་གྱི་རྒྱལ་དོན་དུས་ཆེན་དེ་བཞིན་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཐའེ་ལྦན་གྱི་སྲིད་འཛིན་ཐུགས་འགན་བཞེས་པའི་རྗེས་ཀྱི་རྒྱལ་དོན་དུས་ཆེན་ཐོག་མ་དེ་ཡིན་པ་དང་སྲིད་འཛིན་མའ་དབྱིང་ཇའུ་ཡིས་དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོའི་ཐོག་གསུང་བཤད་གནང་བའི་སྐབས་ཐའེ་ལྦན་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོ་དང་ཞི་བའི་འབྲེལ་ལམ་འཛུགས་རྒྱུའི་ལམ་བུའི་ཁྲོད་ཐའེ་ལྦན་གྱི་ཁེ་ཕན་ལ་ཐུག་པའི་སྐབས་ཕྱིར་བཤོལ་རྩ་བ་ནས་གནང་རྒྱུ་མིན་ཞིང༌ཐའེ་ལྦན་མི་མང་གི་ལ་རྒྱ་དེ་ནམ་ཡང་དོར་རྒྱུ་མིན་པ་གསུང་ཡོད་པ་དང་འབྲེལ་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཐའེ་ལྦན་གཞུང་གིས་མཚོ་ཁ་ཕན་ཚུན་འབྲེལ་ལམ་ཐོག་འཛིན་པའི་གཅིག་གྱུར་མིན་པ་དང་རང་བཙན་མིན་པ།དྲག་ཤུགས་བེད་སྤྱོད་བྱ་རྒྱུ་མིན་པའི་སྲིད་ཇུས་བསྐྱར་བཟློས་གནང་བ་དང་ཆབས་ཅིག་མ་འོངས་ཁོང་གིས་དབུ་ཁྲིད་པའི་ཐའེ་ལྦན་གཞུང་གིས་རྒྱ་ནག་གཞུང་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་བྱེད་པའི་ནང་ཐའེ་ལྦན་གཙོ་བོར་བཟུང་ཏེ་ཐའེ་ལྦན་མི་མང་གི་ཁེ་ཕན་ལ་དམིགས་ནས་ལས་དོན་སྤེལ་རྒྱུ་ཡིན་པ་མ་ཟད་ཐའེ་ལྦན་གཞུང་གིས་ཐའེ་ལྦན་གྱི་སྲུང་སྐྱོབས་ནུས་པའི་སྟོབས་ཤུགས་ཆེ་རུ་བཏང་ནས་ཐའེ་ལྦན་ལ་རང་སྲུང་གི་ནུས་པ་ཚད་ལྡན་ཞིག་ཡོང་རྒྱུའི་ཆ་རྐྱེན་འོག་རྒྱ་ནག་གཞུང་དང་ཞི་བའི་ཐོག་ནས་འབྲེལ་ལམ་འཛུགས་རྒྱུ་ཡིན་པ་སོགས་གསུང་བཤད་གནང་ཡོད་པ་རེད། ཡིན་ནའི་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ད་ལོ་ཕྱི་ཟླ་ལྔ་པའི་ནང་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་དེང་སྐབས་ཐའེ་ལྦན་དམངས་ཁྲོད་དུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲངས་འབོར་ཉུང་ཤུས་ལ་སླེབས་ཡོད་པ་རེད།
