༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་གཞུང་གིས། ཕྲུ་གུ་སྐྱེས་འཕེལ་ཚད་གཞི་མང་དུ་གཏོང་རྒྱུར་དམིགས་པའི་ཐའེ་ལྦན་གྱི་ཌོ་ལར་ས་ཡ་གཅིག་སྔོན་རྩིས་གནང་གི་ཡིན་གསུང་སྟེ། མི་འབོར་འཕེལ་རྒྱས་གཏོང་མཁན་ལ་དངུལ་གྱི་གཟིགས་གསོས་མང་དུ་གཏོང་རྒྱུ་ཡིན་པ་རེད།
ཐའེ་ལྦན་ནི་འཛམ་གླིང་ནང་ནས་མི་འབོར་ཉུང་ཤོས་ཀྱི་རྒྱལ་ཁབ་གྲས་ཡིན་པ་དང། དེར་བརྟེན་དེ་རིང་ཐའེ་ལྦན་ནང་སྲིད་བློན་ཆེན་གྱིས་སྤེལ་བའི་གསལ་བསྒྲགས་ཀྱི་ནང་དུ། ང་ཚོས་ཐའེ་ལྦན་མི་དམངས་ཚོར་འབོིད་སྐུལ་ཞུས་པའི་ལམ་ནས། མི་ཚང་མས་ཕྲུ་གུ་སྐྱེས་ཐུབ་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད། དེ་སྔོན་ལ་ཐའེ་ལྦན་གཞུང་གིས། མི་འབོར་འཕེལ་རྒྱས་ཡོང་ཐབས་ཀྱི་ཆེད་དུ་ཕྲུ་གུ་སྐྱེས་མཁན་ཚོར་དངུལ་གྱི་བྱ་དགའ་གནང་སྲོལ་གྱི་ལས་དོན་གསར་གཏོད་གནང་ཡོད་ཀྱང། གྲུབ་འབྲས་ཐོན་པ་གང་ཡང་བྱུང་མེད་པ་དང། ཐའེ་ལྦན་དཔོན་རིགས་ནས་ཕྲུ་གུ་སྐྱེས་འཕེལ་གྱི་ཚད་གཞི་མང་དུ་གཏོང་ཐབས་བྱེད་པའི་དམིགས་ཡུལ་ནི། མིའི་ནུས་ཤུགས་ཀྱི་མི་འདེངས་པའི་ཚབས་ཆེའི་དཀའ་ངལ་ཡོང་རྒྱུ་ཡིན་པ་དེ་ཡིས་ཐའེ་ལྦན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དཀའ་ངལ་གདོང་ལེན་བྱེད་དགོས་པ་ཡོང་རྒྱུ་ཡིན་པ་སྔོན་དཔགས་བྱེད་ཀྱི་ཡོད་པ་རེད།
ཐའེ་ལྦན་ནང་སྲིད་ལྷན་ཁང་གིས་སྡོམས་རྩིས་བཏོན་པར་གཞིགས་ན། ན་ནིང་ཐའེ་ལྦན་ནང་མི་གྲངས་ཆིག་སྟོང་རེ་རེའི་ཁོངས་ནས་་ཕྲུ་གུ་བརྒྱ་ཙམ་ལས་སྐྱེས་མཁན་བྱུང་མེད་པ་དང། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བཏོན་པའི་ནང་འཛམ་གླིང་ནང་དུ་མི་གྲངས་ཆིག་སྟོང་རེ་རེའི་ཁོངས་ནས་ཕྲུ་གུ་༢༠་ལྷག་གསར་པ་སྐྱེས་ཀྱི་ཡོད་པའི་བསྡོམས་རྩིས་གསུངས་པ་དང་བསྡུར་ན། ཐའེ་ལྦན་ནང་ཕྲུ་གུ་གསར་པ་སྐྱེས་མཁན་གྱི་གྲངས་ཀ་ཧ་ཅང་གི་ཉུང་ཉུང་ཡིན་པ་མ་ཟད། ན་ནིང་༢༠༠༩ལོར་ཐའེ་ལྦན་ནང་དུ་ཕྲུ་གུ་འབུམ་གཉིས་ཙམ་སྐྱེས་ཡོད་པ་དེ་ནི། ཕྱི་ལོ་༢༠༠༨ལོ་ལས་བརྒྱ་ཆ་བཞི་ཙམ་གྱི་ཉུང་བ་སྐྱེས་ཏེ། ཐའེ་ལྦན་གྱི་དཔོན་རིགས་ཚོས་ཕྲུ་གུ་སྐྱེས་འཕེལ་གྱི་གྲངས་ཀ་ཉུང་དུ་འགྲོ་བའི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་པ་རེད།
