༄༅༎ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཡུལ་བསྐོར་སྤྲོ་འཆམ་དུ་ཕེབས་མཁན་ཕྱི་རྒྱལ་བ་ཞིག་གིས་བོད་ནང་རྒྱ་མི་ཧ་ཅང་འཕོན་ཆེ་གནས་སྤོས་བྱས་ཡོད་པའི་སྐོར་སོགས་བོད་ནང་ཕེབས་པའི་མྱོང་ཚོར་ཞིག་ཁེན་ལྦི་སི་ཞེས་པའི་ཁ་ན་ཌའི་དྲ་རྒྱའི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་འཁོད་ཡོད་འདུག
ཉེ་བའི་ཆར་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་མི་ཉུང་བ་ཞིག་གིས་བོད་ནང་དང་ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་ལམ་ཁ་གང་སར་རྒྱ་ནག་གཞུང་གིས་དམག་མི་འཕོན་ཆེ་འགྲེམས་འཇོག་བྱེད་བཞིན་ཡོད་པའི་དངོས་མཐོང་གནས་ཚུལ་མང་པོ་ཕྱི་རྒྱལ་གྱི་བརྒྱུད་ལམ་ཁག་སོགས་ཀྱི་ཐོག་འགྲེལ་བརྗོད་བྱེད་བཞིན་པ་ལྟར་ཉེ་བའི་ཆར་ཕྱི་རྒྱལ་བ་ཨེན་དྲི་རུ་རེན་ཀྲེན་ཞེས་པ་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཡུལ་བསྐོར་སྤྲོ་འཆམ་དུ་ཕེབས་པའི་སྐོར་གྱི་གནས་ཚུལ་བྲིས་པ་དེའི་ནང་ཁོང་གིས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུར་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁང་ནས་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་ཡོད་པ་མ་ཟད་དེང་སྐབས་བོད་ནང་བསྐྱོད་རྒྱུར་རྒྱ་མིའི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་བརྒྱུད་ནས་མ་གཏོགས་བསྐྱོད་ཐུབ་རྒྱུ་ཁག་པོ་དང་། རྒྱ་མིའི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་མི་སྣ་དེ་ཚོས་བོད་ནང་ཉིན་གྲངས་བདུན་རིང་གི་ཡུལ་བསྐོར་སྤྲོ་འཆམ་གྱི་ཆོག་མཆན་ཞུས་ནས་ཁོང་ཚོའི་སྣེ་ཤན་པ་བརྒྱུད་ནས་བསྐྱོད་དགོས་པ་དང་། ཡིན་ནའི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གིས་འབྲེལ་ཡོད་འགན་འཛིན་གྱིས་ཕྱི་རྒྱལ་མི་སྣ་བོད་ནང་བསྐྱོད་རྒྱུར་གཞུང་གིས་དགག་བྱ་ཉེན་ཁ་སོགས་གང་ཡང་མེད་ལུགས་ཀྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་འཁོད་འདུག ཡང་ཕྱི་རྒྱལ་བ་ཨེན་ཌི་རུ་རེན་ཀྲེན་ཡིས་བྲིས་པའི་གནས་ཚུལ་དེའི་ནང་ད་དུང་འཁོད་པར་ཁོང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་གནས་པའི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ བར་སྐོར་སོགས་སུ་བསྐྱོད་པའི་སྐབས་རྒྱ་མི་ཚོང་པ་དང་ལས་བྱེད་སོགས་ཧ་ཅང་འཕོན་ཆེ་མཐོང་རྒྱུ་ཡོད་པ་མ་ཟད་ ལྷ་ས་གྲོང་ཁྱེར་གྱི་ལམ་ཆེན་ཁག་དང་ལྷག་པར་དུ་བར་སྐོར་གཡས་གཡོན་གྱི་སྲང་ལམ་དང་ ལམ་ཁ་ཁག་ཏུ་རྒྱ་ནག་གི་དྲག་ཆས་སྤྲས་པའི་དམག་མི་འཕོན་ཆེ་བསྐོར་གཡེང་དང་ལྟ་ཞིབ་བྱེད་མཁན་ཡོད་པ་མདོར་ན་བོད་དེ་བཞིན་ དྲག་པོའི་བཙན་གནོན་འོག་གནས་བསྡད་པའི་མཐོང་ཚོར་ཤུགས་ཆེ་བྱུང་བའི་སྐོར་འཁོད་འདུག་ལ་ འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་གསལ་ལྟར་ན་ ཕྱི་ཟླ་གསུམ་པའི་ཚེས་༡༤ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་བར་སྐོར་དང་གཙུག་ལག་ཁང་བརྒྱུད་ནས་རྒྱ་ནག་ཉེན་རྟོག་པས་བོད་མི་ཁག་ཅིག་འཇུ་བཟུང་བྱས་ཡོད་པར་བརྟེན་ནས་ས་ཁུལ་དེའི་བརྒྱུད་དེ་ཉིན་མི་འགྲོ་བསྐྱོད་བྱེད་མཁན་ཧ་ལམ་མེད་པ་དང་ ཕོ་བྲང་པོ་ཏ་ལ་ཡང་དེའི་ཉིན་སྒོ་རྒྱབ་ནས་ཆོས་མཇལ་དུ་བསྐྱོད་རྒྱུར་ཡང་དམ་བསྒྲགས་བྱས་ཡོད་འདུག
