༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་དུ་ཆིབས་བསྒྱུར་གྱིས་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་གནང་འཆར་ཡོད་པའི་ཐོག་རྒྱ་ནག་གཞུང་གིས་ཤུགས་ཆེའི་གནོན་ཤུགས་དང་ཨ་རིའི་སྲིད་འཛིན་ལ་༸གོང་ས་མཆོག་མཇལ་འཕྲད་གནང་ཚེ་དེས་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་གནོད་ཚབས་ཆེན་པོ་ཡོང་རྒྱུ་ཡིན་པའི་ཉེན་རྡ་ཐེངས་མང་གཏོང་མིན་ལ་མ་ལྟོས་པར་ཨ་རིའི་སྲིད་འཛིན་ནས་འཆར་གཞི་བཞིན་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་སྐོར་ ཨ་རིའི་སྲིད་འཛིན་ལས་ཁང་གི་མགྲིན་ཚབ་པས་ཚེས་༤ཉིན་ར་ཕྲོད་གནང་ཡོད་པ་རེད་
ཨ་རིའི་སྲིད་འཛིན་ལས་ཁང་གི་མགྲིན་ཚབ་པ་རོ་སྦ་ཀྲི་གིབ་སི་ཡིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་དབར་མཇལ་འཕྲད་དུས་ཚེས་ཁ་གསལ་འགྲེལ་བརྗོད་གནང་མེད་ཀྱང་ཟླ་བ་འདིའི་ཟླ་མཇུག་གོང་ཏུ་མཇལ་འཕྲད་གནང་གཏན་འཁེལ་བ་འགྲེལ་བརྗོད་གནང་འདུག ཡིན་ནའི་ཨ་རིའི་སྲིད་འཛིན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་དེ་གཞུང་འབྲེལ་ཐོག་ལ་གནང་རྒྱུ་འམ་ཡང་ན་གཞན་གྱི་མཇལ་འཕྲད་གནང་ཞོར་དུ་མཇལ་འཕྲད་གནང་རྒྱུ་ཡིན་མིན་ཐད་ཁོང་གིས་ཤེས་རྟོགས་གསལ་པོ་མེད་ལུགས་གསུངས་འདུག ཨ་རིའི་སྲིད་འཛིན་གྱིས་སྐབས་རེ་ཆབ་སྲིད་གནས་བབ་ཀྱིས་མཇལ་འཕྲད་གནང་ཡུལ་དང་ཐད་ཀར་དམིགས་བསལ་བཀོད་བསྒྲིགས་ཀྱིས་མཇལ་འཕྲད་མིན་པར་ཕེབས་ཞོར་དུ་མཇལ་འཕྲད་གནང་རྒྱུའི་ལུགས་སྲོལ་ཞིག་ཡོད་པ་བཞིན་ དེའི་གོང་གི་ཨ་རིའི་སྲིད་འཛིན་སྦིལ་ཀི་ལིན་ཀྲོན་སོགས་ཀྱིས་ཀྱང་ཐབས་ལམ་དེར་བརྟེན་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་ཅིང་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་དེ་ཨ་རི་དང་རྒྱ་ནག་དབར་ཚོང་འབྲེལ་དང་རྒྱ་ནག་ཤོག་སྒོར་གྱི་འཛའ་ཐང་འཕར་ཆ་་ ཨིན་དྲའ་དྲ་རྒྱའི་རྩོད་གླེང་དང་དེ་བཞིན་ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཕྱིར་ཚོང་གི་ཐག་གཅོད་སོགས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་དཀའ་ཚེག་ཅན་གྱི་དུས་སྐབས་སུ་འཁེལ་གྱི་ཡོད་ཀྱང་ཨ་རིའི་སྲིད་འཛིན་ལས་ཁང་གི་མགྲིན་ཚབ་པས་གཟའ་ཕུར་བུའི་ཉིན་གསར་འགོད་པས་དེའི་སྐོར་ལ་བཀའ་འདྲི་ཞུ་དུས་ ཁོང་གིས་ཨ་རིའི་སྲིད་འཛིན་ནས་དེའི་གོང་རྒྱ་ནག་ཏུ་ཕེབས་པའི་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་སྐོར་རྒྱ་ནག་ཕྱོགས་སུ་གསལ་སྟོན་གནང་ཟིན་པ་བཞིན་འཆར་གཞི་དེར་འགྱུར་ལྡོག་གང་ཡང་མེད་ལུགས་བསྐྱར་དུ་འགྲེལ་བརྗོད་གནང་ཡོད་པ་རེད༎
