༄༅༎ སྤྱི་ཟླ་གསུམ་པའི་ཚེས་༨ ཉིན་དཀར་མཛེས་ཁུལ་འབའ་ཐང་རྫོང་ཐོག་ཏུ་དགེ་འདུན་པ་གསུམ་གྱིས་བོད་ལ་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག། དེ་ཡང་ས་གནས་སུ་འབྲེལ་བ་ཡོད་པའི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་དོན་ལྟར་ན། ཕྱི་ཟླ་༣ ཚེས་༨ ཉིན་འབའ་ཐང་རྗོང་གི་འོག་ཏུ་ཡོད་པའི་གླིང་ཁ་གཤིས་པའི་ཡ་སོ་དགོན་པའི་དགེ་འདུན་པ་གསུམ་གྱིས་བོད་ཀྱི་རྒྱལ་དར་འཕྱར་ནས། འབའ་ཐང་རྫོང་ཐོག་ཏུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས། བོད་ལ་རང་བཙན་དགོས། བོད་ཀྱི་སྐད་ཡིག་ལ་རང་དབང་དགོས། ཞེས་སྐད་འབོད་བརྒྱབ་སྟེ་ཁྲོམ་བསྐོར་ངོ་རྒོལ་གནང་འདུག། བོད་ཀྱི་རང་དབང་སྒེར་ལངས་ཀྱི་ཉིན་གཉིས་ཀྱི་སྔོན་ལ་ཡིན་དུས། ས་གནས་སུ་ཉེན་རྟོག་པ་འབོར་ཆེན་བཀྲམ་ཡོད་པར་བརྟེན་ངོ་རྒོལ་གནང་ཡུལ་དུ་ཉེན་རྟོག་པ་མང་པོ་འབྱོར་ཏེ་གྲྭ་གཅིག་འཛིན་བཟུང་བྱས་ཡོད་ཀྱང་དགེ་འདུན་པ་གཞན་གཉིས་བྲོས་བྱོལ་དུ་ཐར་ཡོད་འདུག། རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་པའི་དགེ་འདུན་པ་དེའི་མཚན་ལ་བཀྲ་ཤིས་རྡོ་རྗེ་ཞུས་ཀྱི་ཡོད་པ་དང་། གཞན་དགེ་འདུན་པ་གཉིས་ཀྱི་མཚན་ད་ལྟའི་ཆར་ཤེས་རྟོགས་མེད་པ་ཡིན་འདུག དོན་རྐྱེན་དེ་མ་བྱུང་བའི་སྔོན་ལ་འབའ་རྗོང་གི་ཁྱབ་ཁུངས་སུ་ཡོད་པའི་གླིང་ཁ་གཤིས་གྱང་དཀར་དགོན་པས་༸གོང་ས་མཆོག་གི་སྐུ་འདྲ་ཆེན་པོ་ཞིག་བཞེངས་གྲུབ་ཡོད་པ་དང་སྐུ་དེ་ཉིད་ཀྱི་རབ་གནས་དགའ་སྟོན་གྱི་མཛད་སྒོ་རྒྱ་གཞུང་གིས་བཀག་འགོག་བྱས་སྟབས། གཞུང་དང་ཡུལ་མིའི་བར་གནས་ཚུལ་ཛ་དྲག་ཆགས་བཞིན་པ་དང། ཡ་སོ་དགོན་པའི་ཕྱོགས་སུ་རྒྱ་མིའི་གཏེར་ཁ་སྔོག་འདོན་བྱེད་བཞིན་པར་ཡུལ་མི་ཚོས་ངོ་རྒོལ་བྱས་ནས་མི་བསད་རྨས་ཀྱི་གནས་ཚུལ་བྱུང་ནས། རྒྱ་གཞུང་གིས་དམ་དྲག་ཤིན་ཏུ་ཆེན་པོ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག།
