༄༅། །ཟླ་བ་འདིའི་ཚེས་༡༢ཉིན་རྒྱ་ནག་གི་སྤྱི་བདེ་ལས་ཁུངས་དང་། དྲག་ཆས་ཉེན་རྟོག་པ་མང་པོས་གློ་བུར་ཀན་ལྷོ་ཀླུ་ཆུ་རྫོང་ནས་ས་གནས་བོད་མིས་ཉོས་པའི་ས་ཆ་བཙན་འཕྲོག་དང་། བོད་མི་ཚོར་གཅར་རྡུང་གིས་ཉུང་མཐར་ཡང་བོད་མི་༡༥འཛིན་བཟུང་བྱས་ཁོངས་ནས། མང་ཆེ་བར་འདྲི་རྩད་ནན་པོ་བྱེད་ཞོར་དུས་ཡུན་འདྲ་མིན་ལ་བཀག་ཉར་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། ཁོང་ཚོའི་ཁྲོད་ནས་བོད་མི་མགོན་པོ་སྐྱབས་དང་། གདུགས་དཀར་སྐྱབས། དར་རྒྱས་བཅས་མི་གསུམ་མི་སྣ་གཙོ་གྲས་ཡིན་པའི་དོགས་གཞིའི་འོག་གློད་བཀྲོལ་མ་བཏང་བར་མུ་མཐུད་བཀག་ཉར་བྱས་བསྡད་ཡོད་པ་རེད་འདུག ས་གནས་ནས་བོད་མི་ཞིག་གིས་བརྗོད་དོན། ང་ཚོའི་ངོས་ནས་ཁྲིམས་འགལ་གྱི་ལས་གང་ཡང་བྱས་མེད་པ་དང་། ལྷག་པར་ས་ཆ་དེར་སྒོར་མོ་མང་པོ་སྤྲད་ནས་ཉོས་བ་རེད། ད་ཐེངས་ས་གནས་ཀྱི་འགོ་ཁྲིད་ཁག་ཅིག་གི་བྱེད་སྟངས་ལ་མཐའ་གཅིག་དུ་ངོ་རྒོལ་ཡོད་ལ་ས་གནས་བོད་མི་མང་པོས་མི་འདོད་པའི་བསམ་ཚུལ་བཤད་ཀྱི་འདུག ད་དུང་རྫོང་གི་མཐར་ས་གནས་བོད་མིས་ཉོས་ཡོད་པའི་ས་ཆ་མང་པོ་ཡོད་པར་བརྟེན། ས་བདག་བོད་མི་གཞན་ཚོར་འཇིགས་སྐུལ་ཆེད་བོད་མི་ཁོང་ཚོ་གློད་བཀྲོལ་མ་བཏང་བ་ལས། ཉེས་པ་གང་ཡང་མེད་པ་རེད་ཅེས་གསུངས་སོང་། ཡང་ས་གནས་བོད་མི་གཞན་ཞིག་གིས་བརྗོད་དོན། རྒྱལ་ཁབ་ཀྱིས་བོད་མི་འབྲོག་པ་ཚོར་ཕྱུགས་ཟོག་ཚོང་དུ་བཅུག་ནས་དེང་རབས་གྲོང་ཁྱེར་ཅན་ལ་བསྒྱུར་ཐབས་བྱེད་པ་དང་། གྲོང་ཁྱེར་ནས་འདི་ལྟར་ས་ཁང་བཙན་འཕྲོག་བྱས་བ་ནི། ས་གནས་བོད་མིའི་འཚོ་ཐབས་ལ་སྤྲད་པའི་དཀའ་ངལ་ཆེ་ཤོས་ཡིན་པ་ངོ་སྤྲོད་གནང་སོང་། ད་ཆ་རྫོང་གི་ཉེ་འཁོར་གྱི་ས་ཆ་མི་ཉུང་བར་ཀླུ་ཆུ་རྫོང་ས་ཁུལ་བདག་སྐྱོང་འགོ་ཁྲིད་ཚོགས་ཆུང་ཞེས་བས་མི་མང་སྲིད་གཞུང་གི་ཡིག་ཆ་དང་མཉམ་ས་ཆ་དེ་ཕྱིར་བསྡུ་གཞུང་བཞེས་བཏང་བ་ཡིན་པའི་བརྡ་ཁྱབ་བཙན་གྱིས་སྦྱར་གྱིན་ཡོད་འདུག །
