མང་གཙོ་དོན་གཉེར་བ་ཕྱིར་རྒྱ་ནག་ཏུ་གཉེན་འཕྲད་དགོས་འདུན།

ཡུ་གུར་མི་རིགས་མང་གཙོ་དོན་གཉེར་བ་ཞིག་ཕ་མ་ཐུག་འཕྲད་ཆེད་སླར་ཡང་རྒྱ་ནག་ཏུ་ཕྱིར་ལོག་བྱེད་རྩིས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

༄༅༎རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་འོག་སྐྱབས་བཅོལ་དུ་ཕྱིན་པའི་མང་གཙོ་དོན་གཉེར་བ་ཞིག་ཕ་མ་ཐུག་འཕྲད་ཆེད་སླར་ཡང་ཕྱིར་ལོག་བྱེད་རྩིས་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ལོ་ན་བཞི་བཅུ་ཞེ་གཅིག་ལ་སོན་པའི་ལྦུ་ཡེར་ཀ་ཤི་ཞེས་པའི་ཡུ་གུར་མི་རིགས་ཡིན་པའི་མང་གཙོ་དོན་གཉེར་བ་དེ་བཞིན་དེ་སྔ་ཕྱི་ལོ་༡༩༨༩ལོར་རྒྱ་ནག་ནང་སློབ་ཕྲུག་ཚོས་མང་གཙོའི་ལམ་ལུགས་དགོས་པའི་དགོས་འདུན་བཏོན་ནས་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་སྐབས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པ་དང་ དེ་ནས་སྐབས་དེའི་སྲིད་འཛིན་ལི་པང་ལ་རྒྱལ་ཡོངས་བརྙན་འཕྲིན་ཐོག་ནས་ཁ་གཏད་བཅོག་མཁན་ཞིག་ཀྱང་ཡིན་པ་རེད།

ལས་འགུལ་དེའི་སྐབས་ཁོ་པ་ལོ་ཉི་ཤུ་རྩ་གཅིག་ཡིན་པ་དང་ རིམ་པས་ཁོང་རང་ཕེ་རན་སིར་སྐྱབས་བཅོལ་དུ་ཕྱིན་པ་དང་ ཨ་རིའི་སྙན་གྲགས་ཅན་གྱི་ཧར་ལྦདྲ་གཙུག་ལག་སློབ་གཉེར་ཁང་ནང་སློབ་སྦྱོང་བྱས་ཏེ་ད་ལྟའི་ཆར་ཐའེ་ལྦན་ནང་དཔལ་འབྱོར་ཉམས་ཞིབ་ལས་དོན་ཚན་པ་ཞིག་ནང་ལས་ཀ་བྱེད་བཞིན་ཡོད་འདུག

ཁོ་པའི་ཕ་མ་གཉིས་རྒྱ་ནག་གཞུང་ནས་ཕྱི་རྒྱལ་ལ་འགྲོ་བཅུག་གི་མེད་པ་དང་ཁོ་པ་རང་ཉིད་ཀྱང་འདས་པའི་ལོ་ངོ་ཉི་ཤུ་ལྷག་ཙམ་རིང་ཕ་མ་ཐུག་འཕྲད་བྱེད་རྒྱུའི་ཐབས་ཤེས་བྱས་ཀྱང་གནམ་ཐང་ནས་ཕྱིར་ལོག་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག འོན་ཀྱང་ཁོ་པས་སེམས་ཤུགས་མ་ཆགས་པར་མུ་མཐུད་ནས་ཕ་མ་རྒས་འཁོགས་གཉིས་ཐུག་རྒྱུར་སླར་ཡང་ཐབས་ཤེས་བྱས་ནས་རྒྱ་ནག་གཞུང་ནས་འཛིན་བཟུང་གིས་བཙོན་ཁང་ནང་བཞག་ཀྱང་ཕ་མ་གཉིས་ཐུག་བཅུག་པ་ཡིན་ན་བཙོན་ཁང་ནང་དུའང་འགྲོ་རྒྱུར་ཐེ་ཚོམ་མེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག སྤྱིར་བཏང་རྒྱ་ནག་གཞུང་ནས་དེ་སྔ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཕྱི་རྒྱལ་ལ་སྐྱབས་བཅོལ་འགྲོ་མཁན་ཚོར་ཕྱིར་རྒྱ་ནག་ནང་ལོག་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།