བོད་ནང་དཔལ་འབྱོར་འཛུགས་བསྐྲུན་ཡར་རྒྱས་སྐོར་གཏམ་བཤད།

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྤྱི་ཚོགས་ཀྱི་གནས་སྟངས་དང་དཔལ་འབྱོར་གྱི་འཛུགས་བསྐྲུན་ཡར་རྒྱས་ཆེན་པ་འགྲོ་ཡི་ཡོད་ལུགས་བཤད།

༄༅༎རྒྱ་ནག་ནས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཞིག་ནས་ བོད་རང་སྐྱོང་ལྗོངས་ནང་སྤྱི་ཚོགས་ཀྱི་གནས་སྟངས་དང་དཔལ་འབྱོར་གྱི་འཛུགས་བསྐྲུན་ཡར་རྒྱས་ཆེན་པ་འགྲོ་ཡི་ཡོད་སྐོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་གཏམ་བཤད་སྤེལ་འདུག་༎

དེ་ཡང་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་ནག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་ཀྲང་ཡུན་ཟེར་བའི་སྣེ་འཁྲིད་བྱས་ཏེ་ བོད་ཀྱི་དཔལ་འབྱོར་ཐོག་ཉམས་ཞིབ་པ་སྐལ་བཟང་སྒྲོལ་མ་ཞུ་བ་ཞིག་དང་ ཡང་ཕཱན་ཕ་ཤང་ཟེར་བའི་མི་རིགས་སློབ་གྲ་ཆེན་མོའི་སློབ་དཔོན་ཡིན་པ་བཅས་ཨ་རིར་སྐོར་བསྐྱོད་དུ་འབྱོར་ཡོད་པ་རེད་ རྒྱ་ནག་ཉེན་རེའི་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན་ ཁ་ས་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཀྱི་གོ་སྒྲིག་འོག་གོང་གསལ་གཟིགས་སྐོར་སྐུ་ཚབ་ཚོས་རྒྱ་ནག་དབུས་གཞུང་གིས་བོད་རང་སྐྱོངས་ལྗོངས་ཁུལ་དུ་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་དང་དཔལ་འབྱོར་འཛུགས་བསྐྲུན་གྱི་སྲིད་ཇུས་ལ་བརྟེན་ནས་ སྤྱི་ཡོངས་ཀྱི་གནས་སྟངས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ལུགས་གཏམ་བཤད་སྤེལ་ཡོད་པ་རེད་ རྒྱ་ནག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་ཀྲང་ཡུན་གྱིས་ ༡༩༨༤ནས་༡༩༩༤བར་ བོད་རང་སྐྱོངས་ལྗོངས་ཀྱི་ལོ་འཁོར་ཐོན་སྐྱེད་ནང་ཡོང་བབ་བརྒྱ་ཆ་༤༠ཙམ་དཔལ་འབྱོར་འཛུགས་བསྐྲུན་གྱི་ལས་གཞི་ཁག་ནས་བྱུང་ཡོད་ཚུལ་དང་ ༢༠༠༣ནས་༢༠༠༩བར་ ལོ་འཁོར་ཐོན་སྐྱེད་ནང་འཛུགས་བསྐྲུན་གྱི་ལས་གཞི་ཁག་ནས་ཡོང་བབས་དེ་བརྒྱ་ཆ་༧༥བར་འཕར་སྣོན་སོང་ཡོད་པ་མ་ཟད་ ༢༠༡༡ནས་༢༠༡༥རིང་ རྒྱ་ནག་དབུས་གཞུང་གིས་བོད་རང་སྐྱོངས་ལྗོངས་ཁུལ་དུ་འཛུགས་བསྐྲུན་གྱི་ལས་གཞི་ཁག་༢༢༦ལ་ རྒྱ་ནག་གི་ཤོག་སྒོར་ཐེར་འབུམ་༣༣༠གྱི་འགྲོ་གྲོན་འཆར་འགོད་བྱས་ཡོད་ལུགས་གཏམ་བཤད་སྤེལ་འདུག རྒྱ་རིགས་ཀྲང་ཡུན་གྱིས་མུ་མཐུད་བརྗོད་དོན་དུ་ རྒྱ་ནག་དབུས་གཞུང་ནས་བོད་ནང་དཔལ་འབྱོར་འཛུགས་བསྐྲུན་ཙམ་མ་ཟད་ སྤྱི་ཚོགས་ལ་དམིགས་པའི་ཤེས་ཡོན་གྱི་གོ་སྐབས་དང་ འཕྲོད་བསྟེན་གྱི་མཐུན་རྐྱེན་ སྤྱི་ཚོགས་བདེ་འཇགས་བཅས་ལས་དོན་རྒྱ་ཆེ་སྤེལ་དང་སྤེལ་མུས་ཡིན་སྐོར་གཏམ་བཤད་བྱས་ཡོད་པ་རེད་༎