༄༅༎ཨོ་སི་ཀྲོ་ལི་ཡའི་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁེན་རྦེ་ར་ནང་དུ་བོད་མིའི་རང་དབང་སྒེར་ལངས་ཐེངས་༥༡པ་སྲུང་བརྩི་ཞུས་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་མདུན་དུ་འདུ་འཛོམས་ཀྱིས་བོད་མིའི་སྒེར་ལངས་ཐེངས་༥༡པ་སྲུང་བརྩི་ཞུས་པ་དང། དུས་དྲན་དེའི་ཐོག་ལ་གལ་ཆེའི་གསུང་བཤད་གནང་མཁན་གྲས་སུ་ཨོ་སི་ཀྲོ་ལི་ཡ་དུ་ཡོད་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང། དེ་བཞིན་ཨོ་སི་ཀྲོ་ལི་ཡའི་ཆབ་སྲིད་ཚོགས་པ་ཆེ་ཁག་གསུམ་གྱི་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱིས་གསུང་བཤད་གནང་ཡོད་ཅིང། ཡིན་ནའང་ད་རེས་ཨོ་སི་ཀྲོ་ལི་ཡའི་ནང་དུ་ཨིན་ཌོ་ནེ་ཤི་ཡའི་སྲིད་འཛིན་འཚམས་འདྲིར་ཕེབས་པའི་སྐབས་དང་འཁེལ་ཏེ། གྲོས་ཚོགས་ཚོགས་འདུ་ཚོགས་པའི་སྒང་ཡིན་སྟབས་འཐུས་མི་མང་པོ་ཞིག་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཉིན་མཉམ་ཞུགས་གནང་ཐུབ་མེད་ཀྱང། མང་པོ་ཞིག་གིས་བོད་ཀྱི་རྩ་དོན་ཐོག་ལ་རྒྱབ་སྐྱོར་ཡོད་པའི་བཀའ་མོལ་གསུང་ཡོད་པ་རེད། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་མདུན་ཐང་གི་མཛད་སྒོ་གྲུབ་པའི་རྗེས། རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོས་བྱས་ཏེ། གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་མ་ཟད། ད་དུང་དེ་ཉིན་ཨོ་སི་ཀྲོ་ལི་ཡའི་ནིའུ་སའོ་ཐི་ལྦེལ་སི་མངའ་སྡེའི་བོད་རིགས་ཚོགས་པའི་ཚོགས་གཙོ་འཇིགས་མེད་ལགས་དང། རྒྱལ་ས་ཁེན་རྦེ་རའི་བོད་རིགས་ཚོགས་པའི་ཚོགས་གཙོ་ལྷ་དར་ལགས། ཨོ་སི་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སའེ་མོན་སྦེ་རེ་དྲི་ཤོ་གསུམ་གྱིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཀྱི་ཐོག་ནས། ཨོ་སི་ཀྲོ་ལི་ཡའི་ཕྱི་སྲིད་ལྷན་ཁང་གི་མཐོ་རིམ་དཔོན་རིགས་ཁག་དང་མཇལ་འཕྲད་ཞུས་ཏེ། བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་ཐབས་ལམ་དང། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་བདེ་དོན་གྱི་ཆེད་དུ་རྒྱབ་སྐྱོར་རྒྱུན་གནས་ཡོང་ཐབས་དང། ལྷག་པར་དུ་ཨོ་སི་ཀྲོ་ལི་ཡ་གཞུང་ཕྱོགས་ནས་བོད་དོན་ཐོག་ལ་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
