གལ་ཆེ་མི་སྣའི་ཆེ་མཐོང་ཕུལ་བ།

༄༅༎རྒྱ་གར་གྱི་གསར་ཤོག་ ཊའི་ཨིམ་སི་ ཨོཕ་ ཨིན་ཌི་ཡ་ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཧི་མ་ཅལ་མངའ་སྡེའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་གཞུང་འཁོར་སྟེང་རྒྱ་གར་གྱི་གནད་ཡོད་དཔོན་རིགས་གཞན་དང་འདྲ་མཚུངས་གློག་བརྡ་དམར་པོ་བཙུགས་ཆོག་པའི་ཆོག་མཆན་གནང་འདུག དེ་ཡང་འབྲེལ་ཡོད་ལས་བྱེད་ཅིག་གིས་འགྲེལ་བརྗོད་བྱེད་པར་ལྟར་ན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནི་༸གོང་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་གནང་ནས་དབུ་འཁྲིད་གནང་མཁན་ཐོག་མ་དེ་ཆགས་ཡོད་དུས་ཁོང་ལ་ཆེ་བསྟོད་འདི་ཕུལ་རྒྱུ་འོས་ཤིང་འཚམས་པ་ཞིག་ཡིན་པ་དང་། ད་བར་ཁོང་ཕེབས་པའི་སྐབས་དམིགས་བསལ་དོ་སྣང་དེ་ཙམ་མེད་ཀྱང་། ད་ཆ་ཕེབས་གྲུའི་སྟེང་གློག་བརྡ་དམར་པོ་ཡོད་པའི་ཆ་ནས་སྐུ་དབང་ཡོད་པའི་རྣམ་པ་མཚོན་ཐུབ་པ་ཞིག་ཀྱང་ཆགས་རྒྱུ་ཡིན་ལུགས་གསུངས་འདུག ལྷག་པར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་་ སྦིར་སྦ་ཧ་ད་ར་ སིངྒ་ མཆོག་གིས། ༸གོང་ས་མཆོག་ནི་ང་ཚོའི་དམིགས་བསལ་སྐུ་མགྲོན་ཞིག་ཡིན་པ་དང་། སྲིད་སྐྱོང་མཆོག་ནི་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་འདེམས་ཞུས་པའི་འགོ་འཁྲིད་ཞིག་ཡིན་སྟབས་ཁོང་རྣམ་གཉིས་ལ་སྲུང་སྐྱོབ་དང་གུས་བརྩི་ཞུ་རྒྱུ་ནི་ང་ཚོའི་ལས་འགན་ཞིག་ཀྱང་ཆགས་ཀྱི་ཡོད་པར་བརྟེན། བཙན་བྱོལ་གཞུང་གི་སྲིད་སྐྱོང་མཆོག་ལ་དམིགས་བསལ་ཆེ་བསྟོད་ཀྱི་གཞུང་འཁོར་སྟེང་གློག་བརྡ་དམར་པོ་བཙུགས་ཆོག་པའི་ཐག་གཅོད་བྱས་པ་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་འདུག།