༄༅༎བོད་ཤར་ཕྱོགས་ཁམས་དཀར་མཛེས་རྫོང་དུ་ཡོད་པའི་བཙོན་ཁང་ཞིག་གི་ནང་རྒྱུན་དུ་བོད་མི་བཙོན་པ་ཚོར་སྡང་སེམས་ཆེན་པོས་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་རྒྱ་མི་བཙོན་སྲུང་བ་ཞིག་ཉེ་ཆར་བོད་མི་བཙོན་པ་ཞིག་གིས་བཙན་ཁྲིད་བྱས་པའི་མཐར་། ད་ཆ་ཁོ་པ་གཉིས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་འདི་གའི་ཨོས་ཀྲོརོ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་བོད་ནས་ངོ་ཤེས་ཤིག་གིས་གནས་ཚུལ་མཁོ་སྤྲོད་གནང་འདུག
ཡང་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་དེ་ཡིས་མུ་མཐུད་ནས་འགྲེལ་བརྗོད་གནང་བར་གཞིགས་ན། བཙོན་ཁང་ནས་བྲོས་བྱོལ་དུ་ཕྱིན་པའི་བོད་མི་བཙོན་པ་དེ་དང༌། ཁོང་གིས་བཙན་འཁྲིད་བྱས་པའི་རྒྱ་མི་བཙོན་སྲུང་བ་གཉིས་པོ་གར་ཡོད་རྩད་གཅོད་ཡོང་ཐབས་སུ་དཀར་མཛེས་རྫོང་གི་ཉེ་འཁོར་དུ་དམག་དཔུང་ཕོན་ཆེ་འགྲེམ་གཏོང་གིས་འཚོལ་ཞིབ་བྱེད་བཞིན་ཡོད་པའི་སྐོར་ བོད་ནས་གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་འདུག།
