བོད་ཁམས་འཇོ་མདར་གྲྭ་པ་གཉིས་འཛིན་བཟུང༌།

འཛི་སྒར་དགོན་པའི་གྲྭ་ཀརྨ་དཔལ་ལྡན་རང་ལོ་༢༤ཅན་དང་གཞན་གྲྭ་པ་གཉིས་བཅས་འཛིན་བཟུང་གིས་ཁྲིད་ནས་སོང་ཡོད་འདུག

༄༅༎འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་མཚན་མོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་འཛི་སྒར་དགོན་པ་ནས་རྒྱ་གཞུང་ལས་བྱེད་པའི་རླངས་འཁོར་ཞིག་མེ་བསྲེགས་བཏང་བའི་གནས་ཚུལ་ཐོན་ཡོད་འདུག་པ་དང༌། ཕྱི་ཉིན་རྒྱ་དམག་དང་ཉེན་རྟོག་པས་འཛི་སྒར་དགོན་པའི་གྲྭ་ཀརྨ་དཔལ་ལྡན་རང་ལོ་༢༤ཅན་དང་གཞན་གྲྭ་པ་གཉིས་བཅས་འཛིན་བཟུང་གིས་ཁྲིད་ནས་སོང་ཡོད་འདུག་ཅིང་། མཐར་གྲྭ་པ་གཞན་གཉིས་གློད་བཀྲོལ་བཏང་ཡོད་འདུག་ཀྱང་རྗེས་སུ་གྲྭ་མི་ཕམ་དགེ་ལེགས་རང་ལོ་༢༠ཅན་འཛིན་བཟུང་གིས་འཇོ་མདའ་རྫོང་དུ་ཁྲིད་ནས་ཀརྨ་དཔལ་ལྡན་དང་ཁོང་གཉིས་བཀག་ཉར་དང་སྡུག་སྦྱོང་ཉེས་རྡུང་ཚད་མེད་ཤུགས་ཆེ་བཏང་བ་མ་ཟད། རྫོང་ཐོག་ལ་ཁྲོམ་སྐོར་དུ་ཁྲིད་ནས་མི་མང་འཇིགས་སྣང་སྐུལ་ཡོད་པ་རེད།

སྤྱིར་བཏང་ན་ནིང་༢༠༠༩ལོར་འཇོ་མདའ་རྫོང་དུ་ས་ཞིང་མ་བཏབ་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བ་དང་། རྒྱ་གཞུང་གིས་གློ་བུར་དུ་ཡུལ་ཚོ་སོ་སོར་རླངས་འཁོར་ཆེ་ཆུང་མང་པོ་སྤྲོད་འཆར་བྱེད་སྐབས་བོད་མི་རྣམས་ཀྱི་མ་བླངས་པའི་གྲས་ས་གནས་ལས་བྱེད་ཀྱིས་ཉར་བསྡད་པ་ཞིག་མེ་བསྲེགས་ཐེབས་ཡོད་འདུག རླངས་འཁོར་མེ་སྲེག་གཏོང་མཁན་གྲྭ་པ་དེ་གཉིས་ཡིན་པའི་བདེན་དཔང་ཅི་ཡང་ཐོབ་སོན་བྱུང་ཡོད་མི་འདུག་ཀྱང་རྒྱ་གཞུང་ལས་བྱེད་པ་དང་ཉེན་རྟོག་པ། དམག་མི་བཅས་ཀྱིས་ཁོང་གཉིས་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་འདུག ད་དུང་ཆབ་མདོ་ས་ཁུལ་གྱི་རྫོང་ཁག་རྣམས་ལས་འཇོ་མདའ་རྫོང་དེ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ནག་ཉེས་ཆེ་གྲས་ཡིན་སྐོར་བགྲངས་ནས་ཉིན་རེ་ནས་ཉིན་རེ་བཞིན་དམ་བསྒྲགས་ཆེ་རུ་གཏོང་བཞིན་ཡོད་འདུག