དབྱིན་ཇིའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་ཆེད་ཕེབས།

དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་གྲོས་མོལ་གནང་འཆར་ཡོད་པ།

༄༅༎དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཌེ་ལྦི་ཌི་མི་ལི་སྦེན་ཌི་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་གྲོས་མོལ་གནང་འཆར་ཡོད་པ་དང་ད་རེས་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་གཙོ་བོ་ཨི་རང་གི་རྡུལ་ཕྲན་གྱི་ལས་འཆར་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་ཡིན་འདུག

གཟའ་ཟླ་བའི་ཉིན་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ནང་གི་རྒྱལ་སྤྱིའི་སྲུང་སྐྱོབ་དམག་དཔུང་སྦྱོང་བརྡར་བྱེད་ས་ཞིག་ཏུ་གཟིགས་བསྐོར་གནང་བ་དང་དེ་རྗེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇལ་ཁྲེ་དང་མཇལ་འཕྲད་གནང་ཡོད་ཅིང་གཟའ་མིག་དམར་ཉིན་རྒྱ་ནག་གི་སྲིད་བློན་དབོན་ཅའ་བའོ་དང་མཇལ་མོལ་གནང་འཆར་ཡོད་པ་རེད་ རྒྱ་ནག་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་པའི་རྒྱལ་ཁབ་ལྔའི་ནང་ནས་གཅིག་ཡིན་པའི་ཆ་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨི་རང་གིས་རྡུལ་ཕྲན་གྱི་ལས་འཆར་སྤེལ་གྱི་ཡོད་པའི་གནད་དོན་ཐོག་ཉེས་ཆད་དེ་བས་ལྗིད་པོ་གཏོང་རྒྱུར་རྒྱ་ནག་གཞུང་གིས་མོས་མཐུན་བྱེད་ཀྱི་མེད་པ་དང་། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་མཆོག་གིས་ད་རེས་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་དཔོན་རིགས་ཚོ་དང་ཨི་རང་གི་གནད་དོན་ཐོག་བཀའ་མོལ་གནང་བའི་ནང་ གཙོ་བོ་ཨི་རན་གྱིས་རྡུལ་ཕྲན་གྱི་ལས་འཆར་སྤེལ་གྱི་ཡོད་པ་དེས་ རྒྱལ་སྤྱི་དང་མངའ་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་གནོད་ཚབས་གང་འདྲ་བྱས་ནས་བཟོ་གི་ཡོད་པའི་སྐོར་འགྲེལ་བཤད་དང་བཀའ་བསྡུར་གནང་རྒྱུ་ཡིན་པ་གསུང་འདུག ནུབ་ཕྱོགས་ཡུལ་གྲུ་ཚོས་ཨི་རན་གྱིས་རྡུལ་ཕྲན་གྱི་ལས་འཆར་སྤེལ་ནས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་རྩིས་ཡོད་པའི་སྐྱོན་བཙུགས་གནང་གི་ཡོད་པར་ཨི་རན་གྱིས་དེར་ཁས་ལེན་མ་བྱས་པར་ཨི་རན་གཞུང་གིས་རྡུལ་ཕྲན་གྱི་ལས་འཆར་དེ་བཞིན་ཞི་བའི་ལས་དོན་ཐོག་བེད་སྤྱོད་བྱ་རྒྱུའི་ཆེད་དུ་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད་ ཉེ་བའི་ཆར་རྒྱ་ནག་དང་དབྱིན་ཡུལ་དབར་གྱི་འབྲེལ་ལམ་ཛ་དྲག་ཏུ་གནས་བཞིན་པ་དང་ དེའི་གོང་རྒྱལ་ཁབ་གཉིས་ཀྱི་དབར་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནད་དོན་ཐོག་གྲོས་མོལ་གནང་བའི་སྐབས་ཕན་ཚུན་དབར་བསམ་ཚུལ་མི་མཐུན་པ་མང་པོ་ཞིག་བྱུང་ཡོད་པ་མ་ཟད་ཉེ་དུས་རྒྱ་ནག་གཞུང་གིས་དབྱིན་ཇིའི་མི་སེར་ཡིན་པ་ཐ་མག་དུག་རྫས་ནག་ཚོང་རྒྱབ་མཁན་ཞིག་ལ་སྲོག་ཐོག་གི་ཉེས་ཆད་བཅད་པའི་གནད་དོན་ཐོག་ཕན་ཚུན་རྩོད་གླེང་ཤུགས་ཆེ་བྱུང་ཡོད་པ་སོགས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་གནས་བཞིན་པའི་སྐབས་ཡིན་པ་རེད་