རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་འབར་མར་ཕེབས་གྲབས།

2009-07-02

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གཟའ་ཕུར་བུའི་ཉིན་འབར་མའི་ནང་ཕེབས་རྒྱུར་གྲ་སྒྲིག་གནང་བཞིན་ཡོད་པ།

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གཟའ་ཕུར་བུའི་ཉིན་འབར་མའི་ནང་ཕེབས་རྒྱུར་གྲ་སྒྲིག་གནང་བཞིན་ཡོད་པ་དང་སྤྱི་ཁྱབ་དྲུང་ཆེ་མཆོག་གཟའ་པ་སངས་ཉིན་འབར་མའི་ནང་ཕེབས་འབྱོར་གནང་གི་ཡོད་པ་དང་དུས་ཡུན་ཉིན་གྲངས་གཉིས་རིང་འཚམས་གཟིགས་གནང་རིང་གཙོ་བོ་འབར་མ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའི་ཀིས་གཙོས་པའི་འབར་མ་དྲག་པོའི་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་ཆབ་སྲིད་བཙོན་པ་ཚོ་གློད་བཀྲོལ་ཡོང་ཐབས་ལ་དམིགས་རྒྱུ་ཡིན་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དཔོན་རིགས་ནས་གནས་ཚུལ་གསུང་ཡོད་པ་རེད།

སྐུ་ཞབས་སྦན་ཀི་མུན་འབར་མའི་ནང་ཕེབས་རིང་འབར་མ་དྲག་པོའི་གཞུང་གིས་དཔོན་རིགས་དང་དེ་བཞིན་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དཔོན་རིགས་སོགས་དང་མཇལ་མོལ་གནང་འཆར་ཡོད་པ་དང་ཡིན་ནའི་ད་ལྟའི་ཆར་འབར་མ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུ་ཀི་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་མེད་པ་འབྲེལ་ཡོད་དཔོན་རིགས་ནས་གསུང་བཞག ལྕམ་ཨང་སང་སུ་ཀི་ཉེ་ཆར་ཨ་རིའི་མི་སེར་ཞིག་ཁོང་གི་གཟིམ་ཁང་དུ་སླེབས་པའི་གནད་དོན་གྱིས་རྐྱེན་པས་འབར་མ་དྲག་པོའི་གཞུང་གིས་གྱོད་དོན་དེར་གྱོད་ཞིབ་བྱེད་བཞིན་ཡིན་པ་མ་ཟད་ཁོང་གཟིམ་ཁང་ནས་དངོས་སུ་བཙོན་ཁང་དུ་བཙོན་འཇུག་བྱེད་བཞིན་ཡིན་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གསུངས་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྕམ་ཨང་སང་སུ་ཀི་གློད་བཀྲོལ་དགོས་པའི་དགོས་འདུན་འབར་མ་དྲག་པོའི་གཞུང་ལ་བཏོན་གནང་ཡོད་ན་ཡང་འབར་མ་དྲག་པོའི་གཞུང་གིས་ལྕམ་ཨང་སང་སུ་ཀི་བཙོན་ཁང་ནས་བསྐྱར་དུ་རང་ཁྱིམ་དུ་བཟང་བཙོན་དུ་གཏོང་རྒྱུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་མ་གནང་བར་ལྕམ་ཨང་སང་སུ་ཀི་དངོས་སུ་གློད་བཀྲོལ་ཐུབ་རྒྱུར་འབད་བརྩོན་གནང་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་ནས་ད་རེས་འབར་མའི་ནང་ཕེབས་རིང་འབར་མ་དྲག་པོའི་གཞུང་གིས་དམངས་གཙོའི་ལམ་དུ་བསྐྱོད་རྒྱུའི་དཔེ་རིས་གཞིར་བཟུང་ལས་དོན་སྤེལ་གོ་ཚུགས་དགོས་པའི་སྐུལ་མ་ཡང་གནང་རྒྱུ་ཡིན་པ་རེད།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org