མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་འབར་མར་འཚམས་གཟིགས།

2009-06-30

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་འབར་མར་ཕེབས་སྐབས་ལྕམ་ཨང་སང་སུ་ཅི་མཆོག་དང་མཇལ་འཕྲད་གནང་དགོས་ལུགས།

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་རིང་མིན་དྲག་པོའི་དབང་འཛིན་པའི་སྲིད་དབང་བཟུང་ཡུལ་འབར་མར་ཆེད་ཕེབས་སྐབས་ལྕམ་ཨང་སང་སུ་ཅི་མཆོག་དང་ངེས་པར་མཇལ་འཕྲད་གནང་དགོས་ལུགས་འབར་མའི་མང་གཙོ་ཚོགས་པས་གཟའ་མིག་དམར་ཉིན་འབོད་སྐུལ་ཞུས་འདུག

མཉམ་འབྲེལ་རྒྱལ་ཚོགས་ནས་གཟའ་ཟླ་བའི་ཉིན་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་འབར་མར་གཟའ་པ་སངས་དང་སྤེན་པ་བཅས་ཉིན་གྲངས་གཉིས་རིང་འཚམས་གཟིགས་གནང་རྒྱུ་དང་སྐབས་དེར་ཡུལ་དེའི་དྲག་པོའི་དབང་འཛིན་པ་ཚོར་ལྕམ་ཨང་སང་སུ་ཅི་གཙོས་འབར་མའི་ནང་གི་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་འབྱུང་ཐབས་ཐད་བཀའ་བསྡུར་གནང་རྒྱུ་ཡིན་འདུག

རྒྱལ་ཚོགས་ཀྱི་དྲུང་ཆེ་འབར་མའི་ནང་ཕེབས་འབྱོར་གནང་རྒྱུའི་ཉིན་དེ་རང་ལ་དྲག་པོའི་གཞུང་གིས་བཙུགས་པའི་ཁྲིམས་ཁང་ནས་ལྕམ་ཨང་སང་སུ་ཅིའི་ཐོག་གི་ཁྲིམས་བཤེར་སླར་ཡང་འགོ་འཛུག་བྱ་རྒྱུ་ཡིན་འདུག ཟླ་བ་གཉིས་ཙམ་སྔོན་ཨ་མི་རི་ཀའི་མི་ཞིག་གིས་གསང་ཐབས་ཀྱིས་རྐྱལ་རྒྱབ་སྟེ་ལྕམ་ཨང་སང་སུ་ཅིའི་གཟིམ་ཁང་ནང་སིམ་འཛུལ་བྱས་ཤིང་དམག་མིས་མི་དེ་འཛིན་བཟུང་བྱས་ཡོད་པ་རེད། དྲག་པོའི་གཞུང་གིས་ལྕམ་ཨང་སང་སུ་ཅིས་བཟང་བཙོན་འོག་ཡོད་སྐབས་ཕྱི་རྒྱལ་གྱི་མི་དང་ཐུག་འཕྲད་གནང་པ་དེ་ནི་ཁྲིམས་འགལ་ནག་ཉེས་ཀྱི་ལས་དོན་ཞིག་ཡིན་པའི་སྙོན་འཛུགས་བྱས་ཡོད་པ་རེད།

འབར་མའི་མང་གཙོ་ཚོགས་པའི་མགྲིན་ཚབ་པ་ནིཡེན་ལྦིན་གྱིས་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཕེབས་རྒྱུར་དགའ་བསུ་ཞུ་གི་ཡོད་ཅེས་དང་མགྲིན་ཚབ་པ་དེས་མུ་མཐུད་ཁོང་འདི་གར་དོན་གནད་གཙོ་བོ་གསུམ་གྱི་ཐོག་ཕེབས་ཀྱི་ཡོད་ཅིང་དེ་ཡང་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་འབྱུང་ཐབས་དང་ཞི་མོལ་འགོ་འཛུག་ཡོང་ཐབས་དེ་བཞིན་ཕྱི་ལོ་ཉིས་སྟོང་བཅུ་ལོར་རང་དབང་དང་དྲང་བདེན་གྱི་ཐོག་ནས་འོས་བསྡུ་འབྱུང་ཐབས་བཅས་ཡིན་པས་དོན་གནད་འདི་གསུམ་གྱི་ཐད་རྒྱལ་ཚོགས་ཀྱི་དྲུང་ཆེའི་ངོས་ནས་ལྕམ་ཨང་སང་སུ་ཅི་མཆོག་དང་ངེས་པར་བཀའ་བསྡུར་གནང་དགོས་ཀྱི་རེད་ཅེས་གསུངས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་ཉིན་གྲངས་གཉིས་རིང་འབར་མར་འཚམས་གཟིགས་གནང་སྐབས་གནད་ཡོད་ཀྱི་མི་སྣ་ཚང་མ་དང་ཐུག་འཕྲད་གནང་རྒྱུ་ཡིན་ཚུལ་གསུངས་པ་ལས་ལྕམ་ཨང་སང་སུ་ཅིའི་མཚན་དངོས་སུ་སྨོས་མེད་པ་རེད།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org