༄༅༎ཟླ་བ་འདིའི་འགོ་སྟོད་ཁྲིན་ཏུ་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱིས་ Virtual Presence Post Lhasa ཞེས་བོད་ནང་གི་ས་གནས་མི་མང་དང་འབྲེལ་བ་གནང་སའི་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་གནང་འདུག
ཨ་རིའི་གཞུང་ཚབ་ཁང་གི་དྲ་རྒྱ་གསར་པ་དེ་བོད་སྐད་དང་ཨིན་སྐད། རྒྱ་སྐད་བཅས་སྐད་ཡིག་གསུམ་ནང་ཡོད་པ་དང༌། དེ་ནི་ཨ་མེ་རི་ཀའི་གཞུང་ཚབ་ཁང་དང་གཞུང་ཚབ་ཡན་ལག་ཁང་མེད་སའི་གྲོང་ཁྱེར་དང་ས་གནས་། མངའ་ཁུལ་དང་རྒྱལ་ཁབ་སོགས་ཀྱི་ནང་ཨ་རིའི་ཕྱི་འབྲེལ་འབྲེལ་ལམ་ཡོང་ཐབས་ཀྱི་བརྒྱུད་ལམ་གསར་པ་ཞིག་ཡིན་པ་རེད།
ཁྲིན་ཏུའི་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་སྤྱི་ཁྱབ་པས་ VPP Lhasa ཞེས་པའི་དྲ་རྒྱ་དེ་གསར་འབྱེད་གནང་ཡོད་པའི་གསལ་བསྒྲགས་གནང་སྐབས་ VPP Lhasaཞེས་པའི་དྲ་རྒྱ་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་ཕྱི་འབྲེལ་གཞུང་ཚབ་ཀྱི་འབྲེལ་བའི་ཁྱབ་ཚད་དང་འཆར་འགོད་ཐོག་དམིགས་བསལ་དོ་སྣང་གནང་སྟེ། གྲོང་ཁྱེར་ལྷ་སའི་ནང་ཡོད་པའི་ཨ་མེ་རི་ཀའི་མི་སེར་ཚོར་ཞབས་ཞུའི་ལས་དོན་གནང་རྒྱུ་དང༌། ཨ་རི་དང་ལྷ་སའི་མང་ཚོགས་དབར་མཉམ་འབྲེལ་གྱི་ལས་དོན་གོང་འཕེལ་གཏོང་ཐབས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང༌། གནས་འཕྲིན་དྲ་ལམ་དེའི་བརྒྱུད་ཨ་རི་དང་གྲོང་ཁྱེར་ལྷ་ས་དང་བོད་རང་སྐྱོང་ལྗོངས་དབར་ཕན་ཚུན་འབྲེལ་ལམ་གོང་འཕེལ་འགྲོ་བའི་རེ་བ་ཡོད་ཅེས་ཀྱང་གསུང་བཞག།
