༄༅༎འབར་མའི་དྲག་པོའི་སྲིད་གཞུང་གིས་ཡུལ་དེའི་ཆབ་སྲིད་བཙོན་པ་ཚོ་སྐྱོབ་ཐབས་བྱེད་མཁན་ཁྲིམས་རྩོད་པ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དེར་ཨ་མི་རི་ཀས་སྐྱོན་བརྗོད་བྱས་འདུག ཨ་མི་རི་ཀའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་རོ་སྦ་ཏེ་ལྦུ་ཌི་ཡིས་འབར་མའི་དྲག་པོའི་སྲིད་གཞུང་གིས་ཡུལ་དེའི་ཆབ་སྲིད་བཙོན་པ་རྣམས་སྐྱོབ་ཐབས་བྱེད་མཁན་ཁྲིམས་རྩོད་པ་ཚོར་ཞེད་སྣང་སྐུལ་ནས་ཁྲིམས་ཀྱི་དབང་སྒྱུར་ལ་མཐོང་ཆུང་ཁྱད་གསོད་བྱེད་ཀྱི་ཡོད་ལུགས་རེས་གཟའ་པ་སངས་ཉིན་གསུངས་ནས་འབར་མའི་དྲག་པོའི་སྲིད་གཞུང་ལ་སྐྱོན་བརྗོད་བྱས་འདུག
འབར་མའི་ཁྲིམས་རྩོད་པ་ཨོང་ཐེན་ལྟར་ན་ཁོང་དང་ཁོང་གི་ཕྱག་རོགས་ཁྲིམས་རྩོད་པ་ཁིན་མོང་ཤེན་གཉིས་ལ་རེས་གཟའ་པ་སངས་ཉིན་འབར་མའི་ཁྲིམས་ཁང་ཞིག་ནས་ཟླ་བ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ལུགས་གསུངས་འདུག གོང་ཞུས་འབར་མའི་ཁྲིམས་རྩོད་པ་རྣམས་ཀྱི་སྔ་ལོ་འབར་མའི་ནང་པའི་དགེ་འདུན་པ་རྣམས་ཀྱིས་དྲག་པོའི་གཞུང་ལ་ཞི་བའི་ངོ་རྒོལ་རྔམ་སྟོན་གནང་བའི་རྗེས་སུ་འཛིན་བཟུང་བཙོན་འཇུག་ཞུས་པའི་དགེ་འདུན་པ་གཙོས་པའི་ཡུལ་དེའི་ཆབ་སྲིད་བཙོན་པ་གྲགས་ཅན་རྣམས་ཀྱི་ཁྲིམས་རྩོད་པ་ཡིན་པ་རེད། ཟླ་བ་སྔོན་མའི་ནང་འབར་མའི་དྲག་པོའི་སྲིད་གཞུང་གིས་ཁྲིམས་རྩོད་པ་ནི་ནི་ཧལྦེས་ཁྲིམས་ཞིབ་ཀྱི་བརྒྱུད་རིམ་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་བཙུགས་ཏེ་ཟླ་བ་དྲུག་རིང་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་འདུག
