༄༅༎ཉེ་ཆར་རྒྱ་ནག་གི་སྲིད་བློན་ལྦེན་ཇིཡ་བའོས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ཉམ་ཆགས་འགྲོ་བའི་འགན་ཁག་ཡོངས་རྫོགས་ཨ་མི་རི་ཀའི་ཐོག་ཡོད་པའི་སྐྱོན་བརྗོད་ཀྱི་གཏམ་བཤད་ཤུགས་ཆེ་བྱས་པའི་རྗེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་དཔོན་རིགས་ཤིག་གིས་ཡུལ་གྲུ་གཉིས་དབར་ཛ་དྲག་གི་ཚོར་བ་ཡོད་པ་དེས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བར་དོ་ཕོག་བཏང་གི་ཡོད་ལུགས་བརྗོད་བཞིན་པ་དེ་བདེན་པ་མིན་ལུགས་བརྗོད་འདུག།
སྲིད་འཛིན་ཨོ་སྦ་མའི་ཨེ་ཤི་ཡའི་ལས་དོན་ཐད་ཀྱི་གཙོ་འཛིན་རྒན་པ་སྐུ་ཞབས་ཇེཕ་སྦེཡི་ཌར་གྱིས་ང་ཚོ་དང་རྒྱ་ནག་དབར་འཚར་ལོངས་ཟིན་པའི་འབྲེལ་ལམ་ཞིག་ཡོད་པ་དང་ངས་འབྲེལ་ལམ་གྱི་གནས་སྟངས་བཟང་པོ་ཞིག་གི་ཡོད་པར་བསམ་གྱི་ཡོད་ཅེས་དང་ ཡང་ཁོང་གིས་ང་ཚོའི་དབར་མི་མཐུན་པའི་གནད་དོན་མང་དག་ཅིག་ཡོད་པ་དེ་དག་གི་ཐོག་གྲོས་བསྡུར་བྱེད་མུས་ཡིན་སྟབས་ངས་འབྲེལ་ལམ་འདི་ཛ་དྲག་རང་བཞིན་ཅན་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་མེད་ཅེས་གསུངས་འདུག།
ཨ་མི་རི་ཀ་དང་རྒྱ་ནག་དབར་བོད་ཀྱི་གནད་དོན་དང་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱས་པའི་གནད་དོན་དེ་བཞིན་རྒྱ་ནག་གི་དངུལ་ལོར་འཛའ་ཐང་སོགས་ཀྱི་ཐད་མི་མཐུན་པ་ཆེན་པོ་བྱུང་བཞིན་ཡོད་པ་རེད་།
སྲིད་འཛིན་ཨོ་སྦ་མ་མཆོག་སྔོན་འཆར་ལྟར་ན་ཨ་རིའི་མངའ་ཁོངས་དམིགས་བསལ་ས་ཁུལ་གུའམ་དང་ཨིན་ཌོ་ནེ་ཤི་ཡ་དེ་ནས་ཨའོསི་ཀྲརི་ལི་ཡ་བཅས་སུ་ཕེབས་ཐོན་གནང་རྒྱུ་ཡིན་ཡང་རྒྱལ་ནང་འཕྲོད་བསྟེན་ཁྲིམས་གཞིར་འགྱུར་བ་གཏོང་རྒྱུའི་གནད་དོན་གྱི་རྐྱེན་པས་ཕྱི་རྒྱལ་ཡུལ་གྲུ་དེ་དག་ཏུ་ཕེབས་རྒྱུར་ཕར་འགྱང་གནང་ཡོད་པ་རེད།
གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཇིཡ་བའོས་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་མཇུག་བསྒྲིལ་བའི་རྗེས་ཀྱི་གསར་འགོད་ལྷན་ཚོགས་སྐབས་ཨ་མི་རི་ཀའི་སྲིད་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་པ་དང་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་གནང་པ་དེ་དག་ནི་རྒྱ་ནག་གི་མངའ་དབང་གཅིག་གྱུར་གྱི་གནས་བབ་ལ་རྩིས་མེད་བཏང་པ་ཡིན་ལུགས་སོགས་ཀྱི་སྐྱོན་བརྗོད་ཀྱི་གཏམ་བཤད་ཤུགས་ཆེ་བྱས་ཡོད་ཅིང་ སྲིད་བློན་ལྦན་ཇིཡའ་བོས་འབྲེལ་ལམ་ཉམ་ཆགས་གཏོང་མཁན་ཨ་མི་རི་ཀ་ཡིན་སྟབས་དེ་གསོ་ཐབས་ལ་ཡང་ཨ་མི་རི་ཀས་འབད་བརྩོན་བྱེད་དགོས་པ་བརྗོད་ཡོད་པ་རེད།
