ཨ་རིའི་གྲོས་ཚོགས་ནས་མུ་མཐུད་བོད་དོན་རྒྱབ་སྐྱོར་ནན་བརྗོད།

ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ནན་བརྗོད་གནང་ཡོད་འདུག

༄༅༎ཁ་ས་ཕྱི་ཟླ་གསུམ་པའི་ཚེས་བཅུ་སྟེ་བོད་མིའི་སྒེར་ལངས་ཐེངས་ལྔ་བཅུ་ང་གཅིག་ཉི་མོའི་དུས་ཚིགས་དང་སྟབས་བསྟུན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་ པེ་ལོ་སི་མཆོག་གི་མཚན་ཐོག་གསུངས་འཕྲིན་ཞིག་གནང་ཡོད་པའི་ནང་དོན་གཙོ་བོར། དེ་རིང་ཉིན་མོར་འདིར་བོད་ནང་རང་དབང་དང་ཞི་བདེར་འཐབ་རྩོད་བྱས་ནས་ཚེ་སྲོག་དོར་བའི་དཔའ་བོ་དཔའ་མོ་ཚོར་དྲན་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཆབས་ཅིག་ད་བར་མི་ལོ་ལྔ་བཅུ་ལྷག་ཙམ་རིང་བོད་མི་ཚོས་བོད་དང་རྒྱ་ནག་ནང་ཞི་བའི་ཐོག་ནས་མང་གཙོའི་ལམ་ལུགས་སུ་བཅོས་བསྒྱུར་ཡོང་ཐབས་བྱས་པས་མ་ཟད་བོད་རྒྱ་གཉིས་ཀྱི་སྐུ་ཚབ་དབར་གྲོས་མོལ་རིམ་པ་གནང་ཡོད་པ་རེད། ཡིན་ནའང་ད་བར་དམིགས་བསལ་དོན་འབྲས་སོན་པའི་གྲུབ་འབྲས་གང་ཡང་སོན་མེད་པ་རེད། གལ་སྲིད་རྒྱ་ནག་གཞུང་ནས་བོད་ནང་ཞི་བདེ་བརྟན་ལྷིང་དང་། རྒྱ་ནག་རང་ཉིད་རྒྱལ་སྤྱིའི་སྟེང་ངོ་ནོངས་མི་དགོས་པར་ཆེ་ཐོངས་ཡག་པོ་ཞིག་དགོས་ཀྱི་ཡོད་ན་དོན་དམ་པའི་ཐོག་ནས་ཞི་འགྲིགས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བཀོད་ཡོད་པ་རེད། ཡང་ཁོང་གིས་མུ་མཐུད་ནས་ད་བར་རྒྱ་ནག་གཞུང་ནས་བོད་མི་མང་གི་བློ་འགུགས་རྒྱུའི་ཚབ་ཏུ་༸གོང་ས་ཏ་ལའི་བླ་མ་མཆོག་དང་བོད་མི་མང་དབར་འགལ་ཟླ་བཟོ་རྒྱུའི་ལས་འགུལ་བརྩམས་ཡོད་ཀྱང་བོད་མི་ཚོའི་ངོས་ནས་༸གོང་ས་ཏ་ལའི་བླ་མ་མཆོག་ལ་ཡིད་ཆེས་དང་དད་གུས་ནམ་ཡང་འགྱུར་བ་གཏོང་ཐབས་མེད་ལ་ལས་འགུལ་དེར་རྒྱ་ནག་གཞུང་ལ་བཟློག་ཕྱོགས་ལྟབུར་གྱུར་ཡོད་རེད། དེ་འདྲ་ཡིན་དུས་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུའི་དུས་ལ་བབས་ཡོད་རེད་ཅེས་དང་། ཨ་རིའི་ངོས་ནས་༸གོང་ས་ཏ་ལའི་བླ་མ་མཆོག་གིས་རྒྱལ་སྤྱིའི་ནང་དང་ལྷག་པར་དུ་བོད་ནང་རང་དབང་སྲུང་སྐྱོབ་ཀྱི་འཐབ་རྩོད་གནང་བཞིན་པ་དེར་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་ལ་ཉེ་ཆར་སྲིད་འཛིན་ཨོ་སྦ་མ་མཆོག་ནས་༸གོང་ས་མཆོག་མཇལ་འཕྲད་ཞུས་པ་དེས་ཨ་རི་དང་བོད་མིའི་དབར་གྱི་མཛའ་མཐུན་ཟབ་ཏུ་ཕྱིན་པའི་རྣམ་པ་རེད་ཅེས་གསུངས་ནས་གང་ལྟར་ཨ་མི་རི་ཀའི་ངོས་ནས་བོད་ནང་གི་བོད་མི་ཚོའི་རང་དབང་སྲོག་བློས་བཏང་མཛད་མཁན་རྣམ་ལ་རྗེས་དྲན་དང་། མུ་མཐུད་ནས་བོད་རྒྱ་ཞི་མོལ་ཡོང་ཐབས། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང། རིག་གཞུང་སྲུང་སྐྱོབ་ཀྱི་འཐབ་རྩོད་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུའི་ནན་བརྗོད་གནང་ཡོད་པ་རེད།