ཨ་རིའི་གྲོས་ཚོགས་གོང་མས་་སྤྱི་མོས་གྲོས་འཆམ།

ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་ཡོངས་རྫོགས་ཀྱིས་བོད་དོན་ཆེད་ཀྱི་གྲོས་འཆར་ཞིག་ལ་སྤྱི་མོས་གྲོས་འཆམ་བྱུང་ཡོད་པ་རེད།

2012.03.30

༄༅༎ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གིས་ རྒྱ་ནག་གཞུང་ལ་བོད་མིའི་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་འཕྲལ་དུ་མཚམས་འཇོག་དགོས་པའི་གྲོས་འཆར་བཏོན་པ་དེར་ གཟའ་ཕུར་བུའི་ཉིན་གྲོས་ཚོགས་གོང་མའི་ཚོགས་མི་ཡོངས་རྫོགས་ཀྱིས་སྤྱི་མོས་གྲོས་འཆམ་བྱུང་ཡོད་པ་རེད་ 
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌཡེན་ཕའེན་སི་ཀྲའེན་གྱིས་བཏོན་གནང་བ་དང་ཕྱི་འབྲེལ་ཚོགས་ཆུང་གིས་རྒྱབ་སྐྱོར་གནང་བའི་བོད་ཐོག་གི་གྲོས་འཆར་དེའི་ནང་ བོད་ནང་ཚེ་སྲོག་ཤོར་བའི་བོད་མི་ངོ་རྒོལ་བ་ཚོར་མྱ་ངན་དང་ རྒྱ་ནག་གཞུང་གིས་བོད་ནང་དྲག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་ཐུགས་ཕམ་གནང་སྟེ་ རྒྱ་ནག་གཞུང་ལ་གང་བྱུང་བཙོན་འཇུག་བྱས་པའི་བོད་མི་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་རྒྱུ་དང་ རྒྱ་ནག་གཞུང་གིས་ཀིརྟི་དགོན་པ་ནས་བཙན་འཁྲིད་བྱས་པའི་དགེ་འདུན་པ་ཚོ་གར་ཡོད་གསལ་བཏོན་བྱ་རྒྱུ་དང་ ཕྱི་རྒྱལ་གྱི་གསར་འགོད་པ་དང་ ཕྱི་འབྲེལ་དཔོན་རིགས་ཁག་བོད་ཀྱི་མངའ་ཁུལ་ནང་འགོག་རྐྱེན་མེད་པར་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་རྒྱུའི་འབོད་སྐུལ་ཡང་གནང་ཡོད་འདུག་ལ་ ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་  ཨ་རི་གཞུང་ལ་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གིས་ཨ་རིའི་གཞུང་ཚབ་ཡན་ལག་ཁང་ཞིག་བཙུགས་མ་བཅུགས་ཀྱི་བར་དུ་ཨ་རིའི་ས་ཐོག་ཏུ་ རྒྱ་མིའི་གཞུང་ཚབ་ལས་ཁང་གསར་པ་གཅིག་ཀྱང་འཛུགས་རྒྱུའི་ཆོག་མཆན་གནང་ཐལ་མི་ཡོང་བའི་འབོད་སྐུལ་ཡང་གནང་ཡོད་པ་རེད་ ཨ་རིའི་གྲོས་ཚོགས་གོང་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་གཟའ་ལྷག་པའི་ཉིན་གྲོས་འཆར་དེ་གྲོས་ཚོགས་སུ་བཏོན་པའི་རྗེས་  དེའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཧུང་ལས་ཀྱིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚང་མའི་མང་ཚོགས་ཀྱི་ཁྲིམས་མཐུན་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱེད་བཞིན་ཡོད་ལུགས་སོགས་བཤད་ནས་ ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་བདེན་རྫུན་དབྱེ་འབྱེད་མ་བྱས་པར་ བོད་དོན་ལ་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་ལུགས་སྐྱོན་བརྗོད་བྱས་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎