ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ལ་སྐྱོན་བརྗོད།

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྡུག་རྩུབ་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད།
2012-03-31
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་པར་ལྟོས་མེད་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་འདི་ཚེས་ ༣༠ ཉིན། བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྡུག་རྩུབ་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་གནང་མཛད་འདུག
དེ་ཡང་གསར་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལ་གཞིགས་ན། ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཀྱི་ཐོག་ནས་བཞག་པའི་གྲོས་ཆོད་དེའི་ནང༌། བོད་མིའི་ཐོག་རྒྱ་ནག་གཞུང་གིས་དམ་དྲག་དང་དྲག་གནོན་བྱེད་པའི་སྲིད་བྱུས་དེ་དག་ནི་ཡིད་སྐྱོ་དགོས་པའི་རང་བཞིན་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་དམ་དྲག་གི་སྲིད་བྱུས་དེ་དག་མཚམས་འཇོག་གིས། བོད་མིའི་ཆོས་དད་རང་དབང་ཐོག་སྟངས་འཛིན་དང༌། བཙན་བཤད་ཀྱི་ཐོག་ནས་བོད་མི་གང་བྱུང་འཛིན་བཟུང་བྱེད་པ། བོད་མིའི་ཐོག་འཇིགས་བསྐུལ་བྱེད་པ།  ཞི་བའི་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བཙོན་འཇུག་གམ། ཡང་ན་སྡོད་བཟོ་མི་བདེ་བ་བཟོ་བ་སོགས་ཀྱི་བྱེད་ཐབས་རྣམས་ཕྱིར་འཐེན་བྱ་དགོས་པ་མ་ཟད། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་པའི་ཆེད། རྒྱལ་སྤྱིའི་གསར་འགོད་པ་དང༌། གཞུང་འབྲེལ་དཔོན་རིགས། ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་འགོག་རྐྱེན་མེད་པའི་ཐོག་ནས་བོད་ནང་བསྐྱོད་འཐུས་ཆོག་པ་བཟོ་དགོས་པའི་རེ་འདུན་བཏོན་ཡོད་འདུག
གྲོས་ཆོད་དེའི་ཐད་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌཡེན་ཕའེན་སི་ཀྲའེན་གྱིས་དགོངས་ཚུལ་གསུངས་པའི་ནང༌། ད་ལམ་གྱི་གྲོས་ཆོད་འདིའི་ཐོག་ནས་ ཨ་རིའི་གྲོས་ཚོགས་གོང་མས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཡོད་པའི་བརྡ་ལེན་གསལ་པོ་ཞིག་སྤྲད་པར་བརྟེན། བོད་མི་ཚང་མའི་སེམས་ནང་ཡོད་པའི་དཀའ་སྡུག་རྣམས་སེལ་ཐབས་ཡོང་ཆེད། རྒྱ་ནག་གཞུང་གིས་བོད་མིའི་དབུ་འཁྲིད་ཏྭ་ལའི་བླ་མ་དང་ལྷན་དུ་གྲོས་མོལ་གནང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་དང༌། ཡང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོ་ལི་སྦར་མེན་གྱིས། ད་ལྟའི་ཛ་དྲག་གི་དུས་ཚོད་འདིར། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་སྡུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་དང༌། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་དག་ལ་ ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོར་བློ་ཚབས་ཆེན་པོ་ཡོང་གི་ཡོད་པ་གསལ་སྟོན་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་ཅེས་གསུངས་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།