ཨོ་སྦ་མས་༸གོང་ས་མཆོག་མཇལ་བར་རྒྱ་ནག་གིས་སྐྱོན་བརྗོད།

རྒྱ་ནག་གི་སྲིད་བློན་ནས་ཐའེ་ལྦན་དང་བོད་ཀྱི་གནད་དོན་ལ་ཨ་རིས་ཐེ་བྱུས་བྱས་པའི་རྐྱེན་གྱིས་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་བྱུང་ལུགས།

༄༅༎ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་པ་དང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་སོགས་ཀྱིས་རྐྱེན་པས་ རྒྱ་ནག་དང་ཨ་རིའི་འབྲེལ་བར་དོ་ཕོག་ཆེན་པོ་བཏང་ཡོད་པ་རེད་ཅེས་དེ་རིང་རྒྱ་ནག་གི་སྲིད་བློན་ཝན་ཅ་པའོ་ཡིས་ཨ་རིར་སྐྱོན་བརྗོད་ཞུས་བཞག། ཕྱི་ཟླ་དང་པོའི་ནང་ཨ་མི་རི་ཀའི་གཞུང་གིས་ཐའེ་ལྦན་ལ་མ་གནས་ཨ་སྒོར་ཐེར་འབུམ་དྲུག་དང་གྲངས་ཆུང་༤་གནས་པའི་དྲག་པོའི་གོ་ཚོན་ཚོང་བསྒྱུར་གནང་རྒྱུའི་ཐག་ཆོད་གནང་ཡོད་པ་དང་ ཟླ་བ་སྔོན་མ་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་བཙན་རྩོད་ལེན་གནང་གི་ཡོད་པའི་སྐྱོན་བརྗོད་ཞུ་གི་ཡོད་པ་དང་ ༸གོང་ས་མཆོག་དང་བཙན་བྱོལ་གཞུང་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་མ་གཏོགས་རང་བཙན་རྩོད་ལེན་གནང་གི་མེད་ཅེས་རྒྱུན་དུ་གསུང་གི་ཡོད་པ་རེད། ཁ་ས་ལོ་རེའི་རྒྱ་ནག་གྲོས་ཚོགས་ཀྱི་ཉིན་མཐའ་མའི་ཉིན་སྲིད་བློན་ལྦུན་ཅ་པའོ་ཡིས་གསར་འགོད་ལྷན་ཚོགས་ཐོག་ཐའེ་ལྦན་དང་བོད་ཀྱི་གནད་དོན་ལ་ཨ་རིས་ཐེ་བྱུས་བྱས་པའི་རྐྱེན་གྱིས་ཡུལ་གྲུ་གཉིས་ཀྱི་འབྲེལ་བར་དོ་ཕོག་བྱུང་ཡོད་ལུགས་དང་ ཨ་རིས་ནོར་འཁྲུལ་དེ་ཚོ་ཤེས་པའི་ཐོག་ནས་མ་འོངས་པར་བསྐྱར་ཟློས་མ་གནང་བའི་རེ་བ་ཡོད་ལུགས་གསུང་བཞག། དེ་བཞིན་སྲིད་བློན་ལྦུན་ཅ་པོས་ ཞི་བདེའི་ངང་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེ་གནས་ཐུབ་པ་ཡིན་ན་ དེ་ནི་རྒྱལ་ཁབ་གཉིས་ཀའི་རྒྱལ་ཁ་ཞིག་རེད་ཅེས་གསུང་བཞག། ཉེ་བའི་ཆར་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བར་བོད་དང་ཐའེ་ལྦན་གྱི་གནད་དོན་ཙམ་མ་ཡིན་པར་རྒྱ་ནག་གི་དངུལ་གྱི་འཛའ་ཐང་དཀའ་རྙོག་དང་ གུའུ་གལ་དྲ་རྒྱའི་དཀའ་རྙོག་ ཚོང་འབྲེལ་རྩོད་རྙོག་སོགས་གནད་དོན་མང་པོ་ཞིག་གི་ཐོག་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་བར་དོ་ཕོག་ཐེབས་ཡོད་པ་རེད།