རང་སྲེག་དང་འབྲེལ་བའི་སྙན་ཐོ།

༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་ཐད་བསྐྱར་ཞིབ་ཀྱིས་གཞུང་འབྲེལ་སྙན་ཐོ་ཞིག་བཏོན་ཡོད་པ་རེད། དེ་ཡང་༼བོད་ནང་མེ་ལྕེ་འབར་བའི་རྒྱུ་རྐྱེན་གང་ཡིན༽ཞེས་འགོ་བརྗོད་དུ་བཀོད་པའི་གཞུང་འབྲེལ་སྙན་ཐོ་དེ་ཚེས༢༠ཉིན་དབུས་བོད་མའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གིས་འགྲེམས་སྤེལ་གནང་འདུག སྙན་ཐོ་དེའི་ནང་ད་བར་བོད་ནང་བོད་མི་ ༡༡༧ གིས་རང་ལུས་མེར་སྲེག་བཏང་བའི་རྒྱུ་རྐྱེན་གང་ཡིན་གསལ་འདོན་གནང་ཡོད་པས་མ་ཚད། ཉེ་བའི་ཆར་བོད་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་འགྲོ་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པའི་རྗེས་མུ་མཐུད་བོད་མི་ཚོའི་ཐོག་གདུག་རྩུབ་ཀྱི་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་བྱ་ཆེད་ཡིན་སྐོར་གྱི་གནས་ཚུལ་ཞིབ་ཕྲ་གསལ་འདོན་གནང་འདུག།
ཤོག་གྲངས་༩༧ཅན་གྱི་རྒྱབ་ཤ་དཀར་པོའི་སྙན་ཐོ་དེའི་ནང་བོད་བསྟན་སྲིད་ཆེད་ད་བར་བོད་ནང་གི་བོད་མི་༡༡༧ནས་རང་སྲེག་གནང་བ་རྣམས་ཀྱི་མཚན་གཞུང་ཡང་གསལ་འདོན་གནང་ཡོད་པ་རེད།།