བོད་ནང་སླར་ཡང་དགེ་འདུན་པ་ཞིག་གིས་རང་ལུས་མེ་བསྲེག

ཚེས་༡༦ཉིན་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་ཆེད་རང་ལུས་ཞུགས་འབུལ་གནང་འདུག

༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་ཆེད་རང་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་ཞིག་བྱུང་འདུག དེ་ཡང་ བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།་ འདི་ཚེས་ ༡༦ ཉིན་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༥ ཙམ་ལ་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༢༠ ། ཕ་མིང་ལ་ཡེ་ཤེས་དང་། མ་མིང་ལ་ཚེ་སྒྲོན་ཡིན་པ་ཁོང་གིས་རྔ་པ་རྫོང་ཚོའི་སྟོད་ཕྱོགས་ཀྱི་གཞུང་ལམ་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་ཞུགས་འབུལ་གནང་སྟེ་ གོམ་བགྲོད་བྱེད་བཞིན་པའི་སྐབས་དེར། ཁོང་གི་མདུན་ཕྱོགས་ནས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་རྒྱུགས་ཡོང་སྐབས། བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་ཁ་ཕྱོགས་གཞན་ཞིག་ཏུ་བསྐྱོད་ཐབས་གནང་ཡོད་ཀྱང༌། སྐབས་དེར་ཉེན་རྟོག་པ་ཞིག་གིས་ཁོང་ལ་གཞུས་ནས་ཐང་ལ་འགྱེལ་བཅུག་ཡོད་པ་དང་། དེ་རྗེས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་ཅིང་། བཙན་ཁྲིད་བྱེད་སྐབས་ རླངས་འཁོར་གྱི་སྒམ་ཤིང་ནང་དུ་གཡུག་ནས་དྲག་ཆས་ཉེན་རྟོག་པས་ཁོང་གི་སྐུ་གཟུགས་མནན་ནས་འགྲོ་སྐབས་ཀྱང་ ཁོང་གི་ལག་པ་གནམ་ལ་བཀྱགས་ནས་སྐད་འབོད་བྱེད་ཀྱིན་ཡོད་པ་དངོས་སུ་མཐོང་མཁན་བྱུང་ཡོད་པར་བརྟེན། སྐབས་དེར་ཁོང་འདས་གྲོངས་སུ་ཕྱིན་མེད་པ་གསལ་པོ་ཤེས་རྟོགས་བྱུང་འདུག།
ད་ལམ་རང་ལུས་ཞུགས་འབུལ་གནང་མཁན་བློ་བཟང་ཚུལ་ཁྲིམས་ལགས་ནི། རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཁྱིམ་ཚང་ནང་མིང་སྲིང་བཞི་ཡོད་པའི་ནང་གི་ཆེ་ཤོས་ཡིན་འདུག ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་ཀྱིས་ ཐོག་མར་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་གནང་ཡོད་པ་དང༌། རྗེས་སུ་ཕྱི་ལོ་ ༢༠༠༣ ལོར་སློབ་གྲྭ་དེ་སྒོ་རྒྱབ་པའི་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་ཀྱི་སློབ་གཉེར་བ་རྩེར་སོན་གྱི་གྲས་ཤིག་དང་། གཉོམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག
ཡང་ ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་ཐུད་པ་གཉིས་ཀྱིས་སྤེལ་བའི་གནས་ཚུལ་དེའི་ནང༌། ད་ལམ་གྱི་གནས་ཚུལ་དེ་བྱུང་བའི་རྗེས། རྒྱ་ནག་གཞུང་གིས་ རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་ཁག་གི་འགྲམ་དུ་དྲག་ཆས་ཉེན་རྟོག་པ་བསྣོན་མ་འགྲེམ་འཇོགས་བྱས་པ་དང་། དེ་བཞིན་རྔ་པ་རྫོང་དུ་ཡོང་སའི་ལམ་གཞུང་ཆེ་ཆུང་ཚང་མར་ཞིབ་བཤེར་བྱ་སའི་ས་ཚིགས་བཙུགས་ནས་ སྔར་དང་མི་འདྲ་བའི་དམ་དྲག་ཆེན་པོ་བྱེད་བཞིན་པ་ཡིན་འདུག