བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ༢༠༢༦ ཕྱི་ཟླ་ ༢ ཚེས་ ༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་གདན་ས་ཆེན་པོ་འབྲས་སྤུངས་དགོན་དུ་ཞབས་སོར་འཁོད་པ་ནས་བཟུང་། འབྲས་སྤུངས་སྒོ་མང་གྲ་ཚང་དུ་བཞུགས་གདན་འཇགས་པའི་རིང་འཛམ་གླིང་ཡུལ་གྲུ་འདྲ་མིན་དང་ཆོས་ལུགས་འདྲ་མིན། མི་རིགས་འདྲ་མིན་གྱི་མི་སྣ་ ༡༦༢༥༨ ཙམ་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་བསྩལ་གནང་ཡོད་པ་རེད།
ཐོག་མར་༧གོང་ས་མཆོག་རྒྱ་གར་གྱི་འབྲས་སྤུངས་ཆོས་སྒར་དུ་ཞབས་སོར་འཁོད་དེ་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་ཕེབས་སྟོན་མཛད་སྒོར་བཀའ་སློབ་གནང་བའི་ནང་། སངས་རྒྱས་པའི་ཆོས་རྒྱ་ཆེ་གཏིང་ཟབ་ཡོད་པ་འདི་ང་ཚོ་བོད་པས་བདག་སྐྱོང་བྱས་པ་འདི་སྟོན་གྱི་ཡོད་པ་དང་། དེང་སྐབས་རྒྱ་ནག་ནང་ནས་ཀྱང་བོད་ཀྱི་ཆོས་ལ་གུས་བརྩི་བྱེད་ཀྱི་ཡོད་པ་སོགས་བཀའ་གནང་ཡོད་ལ། སངས་རྒྱས་ཀྱི་ཆོས་ཚུལ་ལ་ཚན་རིག་པའི་ནང་ནས་ནུས་པ་དམིགས་བསལ་ཡོད་པར་དགའ་མོས་དང་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་བཀའ་གནང་ཡོད།
དེ་ནས་འབྲས་སྤུངས་སྒོ་མང་གྲ་ཚང་གི་ཆོས་གྲྭའི་ནང་དགའ་ལྡན་ལྔ་མཆོད་ཆེན་མོའི་མཆོད་འབུལ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་བ་དང་། དགེ་ལྡན་སྤྱི་ལས་ཁང་གིས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚན་རིག་ཟབ་སྦྱོང་བ་གྲྭ་བཙུན་རྣམས་ཀྱིས་དེང་རབས་ཚན་རིག་གི་ཁོངས་ནས་སྐྱེ་དངོས་རིག་པ་དང་། དངོས་ཁམས་རིག་པ་སོགས་སྲོལ་རྒྱུན་རྟགས་བསལ་རིགས་ལམ་གྱི་སྒོ་ནས་བརྒལ་བརྟག་བྱེད་ཚུལ་གཟིགས་འབུལ་ཞུས་ཡོད།
ཡང་༧གོང་ས་མཆོག་རྒྱ་གར་གྱི་འབྲས་སྤུངས་དགོན་དུ་བཞུགས་གདན་འཇགས་པའི་རིང་ལ་བརྟན་བཞུགས་རྒྱས་པ་ཁག་གཉིས་བསྟར་འབུལ་ཞུས་པའི་ཁོངས་སུ་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་གདན་ཁྲི་ཆེན་པོར་མངའ་གསོལ་དང་། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་འདུས་སྤྱི་ནས་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་གནང་པ་དང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དགའ་ལྡན་གསེར་གདུང་ཁང་དབུ་འབྱེད་རབ་གནས་བྱིན་འབེབས་མཛད་པ། དགའ་ལྡན་བླ་སྤྱི་དང་། དགའ་ལྡན་ཤར་བྱང་གི་གྲྭ་ཚང་གཉིས། མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་མང་ཐུན་མོང་གིས་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད། ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུའི་ནེའུ་མ་སློབ་གཉེར་ཁང་གི་ཆེ་བསྟོད་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་སྒོ་མང་གྲ་ཚང་ལ་བཞུགས་རིང་བསྒྲུབ་བྱ་༦༠༠ ལྷག་ཙམ་ལ་དགེ་ཚུལ་སློང་གི་བསྡོམ་པ་འབོག་གནང་བ་དང་། དམིགས་བསལ་༧གོང་ས་མཆོག་འབྲས་སྤུངས་སྒོ་མང་དུ་བཞུགས་གདན་འཇགས་པའི་རིང་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་མི་རིགས་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ། ལས་རིགས་མི་འདྲ་བ་སོགས་མི་གྲངས་ ༡༦༢༥༨ ཙམ་གྱིས་མཇལ་ཁ་ཞུས་ཡོད་ཅིང་། ༧གོང་ས་མཆོག་ནས་སེམས་ཞི་བར་གནས་ཐབས་དང་མི་ཚེ་དོན་དང་ལྡན་པ་ཡོང་ཐབས། ཆོས་ལུགས་འཆམ་མཐུན། འཚེ་བ་མེད་པའི་ཐབས་ལམ་སོགས་མང་པོའི་ཐོག་ནས་བཀའ་སློབ་གནང་ཡོད་པ་དང་། ཡང་དཀའ་ངལ་འཕྲད་སྐབས་བསམ་བློ་གུ་ཡངས་ས་ནས་གཏོང་དགོས་པ་བཀའ་སློབ་གནང་ཡོད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་སུ་བཞུགས་གདན་འཇགས་པའི་རིང་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་བཅུ་པའི་དམ་གཟིགས་ལ་ཆིབས་སྒྱུར་བསྐྱངས་པ། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་གྲྭའི་ནང་འཇང་དགུན་ཆོས་ཀྱི་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་པ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འཛིན་ཁང་གསར་པའི་རྗེ་ཚེ་འཛིན་མ་དང་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་སྐུ་བརྙན་གཉིས་ལ་བྱིན་འབེབས་རབ་གནས་མཛད་པ་སོགས་མཛད་འཕྲིན་ཁག་བསྐྱངས་གནང་མཛད་ཡོད་པ་རེད། ཉེ་ལམ་ཨ་རིའི་གྷརེམི་ཞེས་པའི་འཛམ་གླིང་གི་རོལ་དབྱངས་ཀྱི་བྱ་དགའ་ཆེ་ཤོས་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་ཅིང་། ཕྱི་ཟླ་ ༢ ཚེས་༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཞིང་ལ་གཤེགས་ནས་ལོ་ངོ་གཅིག་འཁོར་བའི་རྗེས་དྲན་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་པ་དང་། ཚེས་ ༩ ཉིན་གདན་ས་འབྲས་སྤུངས་ནས་རྒྱ་གར་རྒྱལ་ས་ལྡི་ལི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་ཡོད་པ་རེད།།
