༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུཊ་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཟླ་བ་གཉིས་ཙམ་རིང་སྐུ་བཞུགས་མཛད་དེ་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་གདན་ས་འབྲས་སྤུངས་དགོན་དུ་ཟླ་བ་གཉིས་ཙམ་རིང་མཛད་འཕྲིན་བསྐྱངས་གནང་མཛད་དེ་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩་༢༠ ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་གྷ་གྷལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང་། གནམ་ཐང་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་བར་གྱི་ཕེབས་ལམ་དུ་དད་ལྡན་པ་ཕྱི་ནང་གི་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཟླ་བ་གཉིས་ཙམ་རིང་སྐུ་བཞུགས་མཛད་དེ་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་པ། (Dickey Kundon / Radio Free Asia)

ཕེབས་བསུར་བཅར་མཁན་ཁག་ཅིག་གིས་ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་གཉིས་ཀྱི་རྗེས་སུ་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པར་དགའ་སྤྲོ་ཆེན་པོ་བྱུང་སྐོར་གསུངས་བྱུང་། དེ་ཡང་ཕེབས་བསུར་བཅར་མཁན་ཁོངས་ནས་བོད་ཀྱི་ཟློས་གར་ཚོགས་ཀྱི་ཚོགས་མི་བསྟན་འཛིན་ཟླ་བ་ལགས་ཀྱིས། ད་རེས་ལྷོ་ཕྱོགས་མོན་གྷོར་དུས་ཡུན་རིང་པོའི་རྗེས་ཆིབས་སྒྱུར་བསྐྱངས་པ་ཡིན་དུས་ས་གནས་མང་ཚོགས་རྣམས་ལ་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཐོབ་པར་སྐལ་བ་བཟང་པོ་ཞིག་ཡིན་པ་དང་། ད་རེས་བཞུགས་སྒར་དུ་ཕེབས་བསུ་ཞུ་རྒྱུའི་གོ་སྐལ་བྱུང་པར་གུས་པ་རང་ཉིད་ལའང་དགའ་ཚོར་བྱུང་ཞེས་གསུངས་བྱུང་།

ཨའོསི་ཊརེ་ལི་ཡ་ནས་ཡིན་པའི་ཕྱི་རྒྱལ་བ་ནང་པའི་བཙུན་མ་ཆོས་འཛོམས་ལགས་ཀྱིས། ཕེབས་བསུ་ཞུ་རྒྱུ་བྱུང་པར་སྐྱིད་སྣང་དང་། ༧གོང་ས་མཆོག་འདིར་བཞུགས་གདན་འཇགས་རིང་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་གསུངས་བྱུང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཟླ་བ་གཉིས་ཙམ་རིང་སྐུ་བཞུགས་མཛད་དེ་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༣ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་པ།
ཕེབས་བསུར་བཅར་བའི་བོད་ཀྱི་ཟློས་གར་ཚོགས་མི་ཁག་ཅིག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུཊ་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་པ། ༢༠༢༦།༢།༡༣ (Dickey Kundol)

བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་ཀྱིས། ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉིན་གྲངས་ ༦༠ ཙམ་གྱི་རིང་ལྷོ་ཕྱོགས་སུ་མཛད་འཕྲིན་བསྐྱངས་པའི་སྐབས། རྒྱ་གར་ལྷོ་ཕྱོགས་སུ་གནད་ཡོད་མི་སྣ་དང་། གྲགས་ཆེ་བའི་སྨན་པ་སོགས་མི་སྣ་མང་པོ་ཞིག་ལ་མཇལ་ཁ་བསྩལ་ནས་མཛད་འཕྲིན་དཔེ་མི་སྲིད་པའི་ཡག་པོ་བྱུང་ཡོད་ཅེས་གསུངས་བྱུང་།

ཡང་ལ་དྭགས་མི་རིགས་ཡིན་པ་བསྟན་འཛིན་རབ་དགའ་ལགས་ཀྱིས། ད་རེས་དམིགས་བསལ་དགའ་སྣང་བྱེད་དགོས་པ་ཞིག་ལ་ཉེ་དུས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྷརེ་མི་བྱ་དགའ་འབུལ་བཞེས་མཛད་ཡོད་དུས། དགའ་སྣང་ཆེན་པོས་ཕེབས་བསུར་བཅར་པ་ཡིན་ཞེས་གསུངས་བྱུང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༢ ནས་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༩ བར་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་འབྲས་སྤུངས་དགོན་དུ་སྐུ་བཞུགས་མཛད་རིང་ཕྱི་ནང་གི་དད་ལྡན་མི་སྣ་ ༡༦༠༠༠ ལྷག་ལ་མཇལ་ཁ་སྩལ་གནང་མཛད་འདུག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སྐུ་བཞུགས་མཛད་ཡུན་རིང་། གདན་ས་ཁག་གི་སྒྲུབ་བྱ་ ༦༠༠ ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་གནང་མཛད་པ་དང་། སྐུ་ཚེ་ཡུན་རིང་བརྟན་པའི་བརྟན་བཞུགས་ཁག་གཉིས་འདེགས་འབུལ་ཞུས་པ། དེ་བཞིན་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་ཀྱང་བསྐྱངས་གནང་མཛད་ཡོད་པ་རེད།།