སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ།
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ཐུན་མོང་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ཀྱི་ངོས་ནས་འཇིག་རྟེན་ཀུན་ཁྱབ་གཟེངས་རྟགས་ཞེས་པ་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པའི་ངོས་ནས་ནོར་བུ་པདྨ་ཅན་ཞེས་པའི་གཟེངས་རྟགས་གཉིས་འབུལ་ལམ་ཞུས་སོང་།

གཟེངས་རྟགས་དེ་གཉིས་ཀྱི་ངོ་བོ་དང་གལ་གནད་སྐོར་འབྲེལ་ཡོད་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་ལ་བཀའ་འདྲི་ཞུས་པར། རྫ་ཆུ་ཁའི་བརྟན་བཞུགས་གོ་སྒྲིག་ཚོགས་ཚུང་གི་ཚོགས་མི་ཉི་འོད་ལགས་ཀྱིས། འདི་ལོ་ནི་༧སྐུའི་གོ་སྟོན་ཏེ་བྱམས་བརྩེའི་ལོ་དང་བསྟུན། རྫ་ཆུ་ཁ་པ་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་རྫ་ཆུའི་ཁའི་མི་མང་ཡོངས་ཀྱིས་མགོན་པོ་གང་ཉིད་ལ་དད་པ་དམ་ཚིག་གཡོ་བ་མེད་པ་བྲག་རི་བཞིན་བརྟན་པོ་ཡོང་པ་ཞུ་ཆེད། བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དེ་བཞིན་ཕུལ་བ་ཞིག་དང་། ནོར་བུ་པདྨ་ཅན་ཟེར་བའི་གཟེངས་རྟགས་དེས་གཙོ་བོ་འཕགས་པ་ཅན་རས་གཟིགས་མཚོན་གྱི་ཡོད་ཅིང་། གཟེངས་རྟགས་དེའི་ཐོག་བཀོད་པའི་དཔེ་མཚོན་རེ་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གསང་གསུམ་གྱི་མཛད་འཕྲིན་ཆ་ཚང་མཚོན་གྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་དབུས་གཙང་ཆོལ་ཁའི་བརྟན་བཞུགས་གོ་སྒྲིག་ཚོགས་ཚུང་གི་ཚོགས་མི་ཚེ་རིང་དོན་གྲུབ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཁ་བ་གངས་ཅན་གྱི་མེད་དུ་མི་རུང་བའི་མཚོན་དོན་ཞིག་ཡིན་པར་བརྟེན། ཐེངས་འདིར་བྱམས་བརྩེའི་ལོ་དང་བསྟུན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་དབུས་གཙང་ཆོལ་ཁའི་ཚབ་ཞུས་ཏེ་ཕུལ་ཡོད་པ་གསུངས་བྱུང་།

གཞན་ཡང་ཐེངས་འདིར་ཚོགས་གསུམ་ཐུན་མོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དངུལ་ལས་གྲུབ་པའི་སྒྲོལ་དཀར་གྱི་སྐུ་བརྙན་ཞིག་ཀྱང་ཕུལ་སོང་།
ད་རེས་༧གོང་ས་༧སྐྱབས་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་ཆེད། འཛམ་གླིང་ས་ཕྱོགས་གང་ས་ནས་དབུས་གཙང་ཆོལ་ཁ་དང་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ཀྱི་བརྟན་བཞུགས་འབུལ་མཁན་ཁྱོན་མི་ཆིག་སྟོང་བརྒལ་བ་དང་། གཞན་དད་ལྡན་མང་ཚོགས་སྟོང་ཚོ་བརྒལ་བས་ཆེད་བཅར་ཞུས་སོང་།

བརྟན་བཞུགས་ཐོག་བཅར་མཁན་ས་གནས་ཁེ་ན་ཌ་ནས་ཡིན་པའི་མགོན་པོ་དབང་ཕྱུག་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བ། ༧གོང་ས་མཆོག་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་པའི་སྨོན་འདུན་ཞུས་གནང་གི་འདུག་ལ། ཨ་རི་ནས་ཡིན་པའི་སྒྲོལ་མ་ཟླ་བ་ལགས་ཀྱིས། ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཐུབ་པར་ཚོར་བ་སྐྱིད་པོ་བྱུང་ཞིང། མཇལ་ཁའི་སྐབས་ཁོང་གིས་མི་ཚང་མར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྨོན་ལམ་བཏབ་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཟླ་ ༤ ཚེས་ ༢༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་དང་། རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་། ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པ་བཅས་ཀྱི་བརྟན་བཞུགས་བསྟར་འབུལ་དང་། ཟླ་ ༥ ཚེས་ ༢༠ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། བདུད་འཇོམས་གླིང་པའི་ཟབ་ཆོས་ཁྲོས་མ་ཉམས་ལེན་ཆོས་གྲོགས་བཅས་ཀྱི་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
