༧གོང་ས་མཆོག་གིས་འཚེ་བའི་ཐབས་ལམ་གྱིས་ཞི་བདེའི་རྨང་གཞི་སྐྲུན་ཐུབ་རྒྱུ་མེད་པ་བཀའ་གནང་པ།

༧གོང་ས་མཆོག་གིས་འཚེ་བའི་ཐབས་ལམ་གྱིས་ཞི་བདེའི་རྨང་གཞི་སྐྲུན་ཐུབ་རྒྱུ་མེད་པར་རྩོད་རྙོག་གང་ཞིག་གྲོས་མོལ་དང་འབྲེལ་ལམ། ཕན་ཚུན་བརྩི་བཀུར་ཐོག་ནས་སེལ་དགོས་པ་བཀའ་གནང་འདུག

༧གོང་ས་མཆོག་གིས་འཚེ་བའི་ཐབས་ལམ་གྱིས་ཞི་བདེའི་རྨང་གཞི་སྐྲུན་ཐུབ་རྒྱུ་མེད་པར་རྩོད་རྙོག་གང་ཞིག་གྲོས་མོལ་དང་འབྲེལ་ལམ། ཕན་ཚུན་བརྩི་བཀུར་ཐོག་ནས་སེལ་དགོས་པ་བཀའ་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བཀའ་ཡིག་ཅིག་གནང་ཡོད་པའི་ནང་ཡི་ཤུའི་བླ་ཆེན་པོབ་ལིའོ་ (Pope Leo) མཆོག་གིས་འཚེ་བའི་ལས་སྤོང་དགོས་པའི་ཞི་བདེའི་འབོད་སྐུལ་གནང་བར་རྒྱབ་སྐྱོར་གནང་ཡོད་པ་རེད།

དེ་ཡང་བཀའ་ཡིག་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལིའོ་ (Pope Leo) མཆོག་གིས་རེས་གཟའ་ཉི་མའི་སྨོན་ལམ་གྱི་སྐབས་སུ་ནུས་པ་དང་ལྡན་པའི་ཞི་བདེའི་འབོད་སྐུལ་ཞིག་གནང་ཡོད་པ་དེར་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་དང་། བླ་ཆེན་མཆོག་གིས་མཚོན་ཆ་བཞག་ནས་འཚེ་བའི་ལས་དོར་དགོས་པའི་འབོད་སྐུལ་གནང་བ་དེས་མགོན་པོ་གང་ཉིད་ཀྱི་ཐུགས་ལ་ཚོར་བ་ཤུགས་ཆེན་བྱུང་གནང་ཡོད་པ་དང་། འདི་ནི་འཛམ་གླིང་ཐོག་གི་ཆོས་ལུགས་ཚང་མའི་བསླབ་བྱའི་སྙིང་པོ་དེ་རང་ཡིན་པ་བཀོད་གནང་འདུག

ཡང་བཀའ་ཡིག་ནང་མུ་མཐུད་བཀོད་གནང་བར། དོན་དངོས་ཐོག་ང་ཚོས་ཡེ་ཤུ་དང་། ནང་པ། ཁ་ཆེ། ཧིན་རྡུ། ཇིའུ་སོགས་ཆོས་ལུགས་དང་། ད་དུང་འཛམ་གླིང་ཐོག་གི་སྤྱོད་བཟང་གི་སྲོལ་རྒྱུན་བཟང་པོ་གང་ལ་བལྟས་ཀྱང་། གཞི་རྩའི་བརྡ་ལན་སྤྲོད་པ་ནི་གཅིག་མཚུངས་ཆགས་ཀྱི་ཡོད་པ་སྟེ། བྱམས་པ་དང་། སྙིང་རྗེ། བཟོད་བསྲན། རང་གཅུན་ཐུབ་པ་དགོས་རྒྱུ་བཅས་ཡིན་པས། ཆོས་ལུགས་ཀྱི་བསླབ་བྱ་འདི་དག་ཚང་མའི་ནང་དུ་འཚེ་བའི་ལས་གང་ཡང་གླེང་མེད། འཚེ་བའི་ལས་ཀྱིས་དེ་བས་འཚེ་བའི་ས་བོན་མང་བ་ཐོན་གྱི་ཡོད་པར་བརྟེན་དུས་ནམ་ཡང་ལྷིང་འཇགས་ལྡན་པའི་ཞི་བདེའི་རྩ་བ་ཞིག་བཙུགས་ཐུབ་ཐབས་མེད་པ་ལོ་རྒྱུས་ཀྱིས་ང་ཚོར་ཡང་ཡང་དྲན་སྐུལ་བྱས་ཡོད་པ་བཀའ་གནང་འདུག

གཞན་ཡང་བཀའ་ཡིག་ནང་བཀོད་གནང་བར།འགལ་རྐྱེན་འཁྲུག་རྩོད་མཐར་ཕྱིན་པའི་ཐག་གཅོད་ཐུབ་པ་དགོས་ན། དཀྱིལ་ཤར་ས་ཁུལ་དང་། ཡང་ན་ར་ཤེ་ཡ་དང་ཡུཀ་རེན་བར་གྱི་འཁྲུག་རྩོད་སོགས་ཚུད་པའི་གནད་དོན་ཚང་མ་ངེས་པར་ཕན་ཚུན་གྲོས་མོལ་དང་། ཕྱི་འབྲེལ་གྱི་ཐབས་ལམ། ཕན་ཚུན་བརྩི་བཀུར་བཅས་ལ་གཞི་བཅོལ་ནས་ཐག་གཅོད་བྱ་དགོས་ཀྱི་ཡོད། ཡང་ཐབས་ལམ་འདི་རྣམས་ལག་བསྟར་བྱས་པའི་བརྒྱུད་རིམ་ནང་ང་ཚོས་ངེས་པར་དུ་ཐུན་མོང་ཐོག་ངོས་འཛིན་ཐུབ་དགོས་པ་སྟེ། གཏིང་ཟབ་པའི་དོན་སྙིང་ཐོག་ནས་ཞུས་ན། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་གྱི་གཅེན་གཅུང་གི་འདུ་ཤེས་འདི་འཛིན་དགོས་པ་བཀའ་གནང་ཡོད་པ་དང་། མཐར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཀྱིས་འཚེ་བའི་ལས་དང་འགལ་རྐྱེན་འཁྲུག་རྩོད་གང་མྱུར་ཞི་བའི་ཐུགས་སྨོན་དང་འབོད་སྐུལ་གནང་འདུག

པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།