༧གོང་ས་མཆོག་གིས་ནོར་རྒྱས་གླིང་གི་བོད་མིར་བོད་དོན་བཀའ་སློབ།


2014-01-13
Share
༧གོང་ས་མཆོག་གིས་བྷན་ངྷ་ར་ནོར་རྒྱས་གླིང་གི་བོད་མི་དང་དད་ལྡན་པར་བོད་དོན་གལ་ཆེའི་བཀའ་སློབ་གནང་བཞིན་པ། ༧གོང་ས་མཆོག་གིས་བྷན་ངྷ་ར་ནོར་རྒྱས་གླིང་གི་བོད་མི་དང་དད་ལྡན་པར་བོད་དོན་གལ་ཆེའི་བཀའ་སློབ་གནང་གནང་འདུག
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། པདྨ་དངོས་གྲུབ།

༧གོང་ས་མཆོག་གིས་བྷན་ངྷ་ར་ནོར་རྒྱས་གླིང་གི་བོད་མི་དང་དད་ལྡན་པར་བོད་དོན་གལ་ཆེའི་བཀའ་སློབ་གནང་གནང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ༧གོང་ས་མཆོག་གིས་བྷན་ངྷ་ར་ནོར་རྒྱས་གླིང་གི་བོད་མི་སེར་སྐྱ་མི་དམངས་སོགས་དད་ལྡན་པ་ཁྱོན་མི་གྲངས་༢༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་ནས་དགོངས་ཞུ་བྱེད་དགོས་དོན་ནི། ངོས་རང་སེམས་ཤུགས་ཆགས་པ་དང་། བོད་དོན་ཐད་ རེ་བ་བརླགས་པ་ལྟ་བུའི་ཐོག་ནས་བྱས་པ་མིན། ཕྱི་ལོ་༢༠༠༢ ལོར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་རྒྱུ་ཞིག་བྱུང་ཡོད་ཀྱང་། ང་ཚོས་འབྲེལ་བ་བྱེད་ཡུལ་དེ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་རེད། ལས་ཁུངས་དེའི་ནང་གི་མི་དེ་དག་བསམ་བློ་རྒྱ་ཆེན་པོ་གཏོང་མ་ཐུབ་མཁན་དང་། རང་ཉིད་ལ་དབང་ཆ་ཡོད་སྟབས་ཧ་ཅང་མཁྲེགས་པོ་བྱས་ནས་སྡོད་མཁན་གྱི་གཤིས་ཀ་ཡོད་མཁན་ཡིན་པར་བརྟེན་དོན་འབྲས་ཐོན་མེད་ཞེས་དང་། དུས་ཡུན་དེའི་རིང་ལ་རྒྱ་ནག་གཞུང་དང་། ང་ཚོ་འབྲེལ་བ་བྱས་ནས་གྲུབ་འབྲས་གང་ཡང་ཐོན་མེད་ཀྱང་རྒྱ་ནག་མི་དམངས་ཁྲོད་བོད་ཀྱི་གནས་ཚུལ་གོ་རྟོགས་ཡོང་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། ལྷག་པར་ཤེས་ཡོན་ཅན་ཚོའི་ནང་ནས་བོད་ཀྱི་གནས་ཚུལ་ལ་དོ་སྣང་གསར་པ་སླེབས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་འདུག དཔེར་ན། འདས་པའི་ལོ་གསུམ་བཞིའི་ནང་ལ་བོད་དོན་སྐོར་རྒྱ་མི་རང་ཉིད་ཀྱིས་བྲིས་ཡོད་པ་རྩོམ་ཡིག་སྟོང་ཕྲག་གཅིག་ཙམ་

བྱུང་ཡོད་རེད། དེང་སང་རྒྱ་མིས་ང་ཚོར་ཁ་བྲལ་རེད་ཅེས་ཤོད་ཀྱི་ཡོད་རེད། འོན་ཀྱང་ང་ཚོས་ཁ་བྲལ་གང་ཡང་བྱེད་ཀྱི་མེད་པ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་སྡོད་ཀྱི་ཡིན་ཞེས་བརྗོད་བཞིན་ཡོད། རྒྱ་ནག་གུང་ཁྲན་གྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་བོད་ཆོལ་གསུམ་གྱི་མི་དམངས་ཚང་མར་གཅིག་སྒྲིལ་གྱི༌ལྷག་བསམ་དང་སེམས་ཤུགས་ཧ་ལས་པ་འདུག་དེ་ལྟ་བུ་ཞིག་ཡོད་བཞིན་པ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པར་བརྟེན། ང་ཚོ་སྐྱིད་སྡུག་བཟང་ངན་གང་འདྲ་བྱུང་ཡང་ཆོལ་ཁ་གསུམ་མཉམ་ཟ་མཉམ་འཐུང་དང་། སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་ཡིན་མ་གཏོགས་ང་ཚོ་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཡོད་ཞེས་བཀའ་ཕེབས་པ་དང་། དེ་ནས་གོང་ས་མཆོག་གིས་སྤྱིར་བཏང་ངོས་རང་རྒན་ཡོལ་དུ་ཕྱིན་ཏེ་འགན་མེད་ཀྱང་ངོས་རང་ལོ་བཅུ་དྲུག་ནས་བདུན་ཅུ་དོན་དྲུག་བར་ངོས་ཀྱིས་འགན་འཁྱེར་ནས་བསྡད་པ་རེད། དེང་སྐབས་རང་བཙན་བརྗོད་ན་སེམས་ཤུགས་ཡོད་པ་དང། རང་སྐྱོང་སྐོར་བཤད་ན་སེམས་ཤུགས་མེད་པའི་སྐད་ཆ་ཤོད་མཁན་ཡོང་གི་འདུག་ དེ་ལྟར་མིན་ཙང་ཁྱེད་རང་ཚོ་མགོ་སྐོར་ཐེབས་རྒྱུ་ཡོད་པ་མ་རེད། ཁྱེད་རང་ཚོ་རང་བཙན་གྱི་བསམ་བློ་ཡོད་མཁན་ཡིན་ན། རང་བཙན་སྒྲུབ་ཆོག་གི་རེད། ཡིན་ནའང་རང་བཙན་གང་འདྲ་བྱས་ནས་སྒྲུབ་ཀྱི་ཡིན་ནམ། རང་བཙན་དགོས་ཞེས་སྐད་བརྒྱབ་པ་གཅིག་པུས་འགྲིགས་ཀྱི་མེད། རང་བཙན་སྒྲུབ་ན་དང་པོ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་རེད་མ་གཏོགས་འཆམ་མཐུན་དང་། སྐད་ཆ་བཤད་ནས་ཡོང་རྒྱུ་ཡོད་མ་རེད་ཞེས་བཀའ་གནང་འདུག

གསར་འགོད་པ་འབེན་པ་སྟོབས་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།