བཞུགས་སྒར་རྡ་རམ་ས་ལར་ལོ་གསར་གྱི་ཚེས་ ༡ ཉིན་ཚེ་གཏོར་ཕུལ་བ།

བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་ཐོག་ཏུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེ་གཏོར་ཕུལ་བའི་མཛད་སྒོ་ཚོགས་གནང་ཡོད་པ་རེད།

བོད་རྒྱལ་ལོ་ ༢༡༥༣ ཟླ་ ༡ ཚེས་ ༡ སྟེ་རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་གྱི་ཉིན་མོ་དང་བསྟུན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་ཐོག་ཏུ་སྔར་སྲོལ་བཞིན། ༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གིས་གོ་སྒྲིག་མཐུན་འགྱུར་འོག་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེ་གཏོར་ཕུལ་བའི་མཛད་སྒོ་ཚོགས་གནང་ཡོད་པ་རེད།

དེ་བཞིན་ཚེ་གཏོར་ཕུལ་ཟིན་མཚམས་སུ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གྱི་ལོ་གསར་དགྱེས་སྟོན་མཛད་སྒོ་དེ་འཚོགས་ཡོད་ལ། ཚེ་གཏོར་གྱི་ཆོས་ཕྱོགས་མཛད་རིམ་དང་དགྱེས་སྟོན་མཛད་སྒོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཁག་ཅིག དེ་བཞིན་སྲི་ཞུའི་ལས་བྱེད་པ་དང་བོད་མི་མང་ཚོགས་མང་དག་ཅིག་གིས་མཉམ་ཞུགས་གནང་ཡོད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ལ་བཅར་པའི་བོད་མི་རྒན་གཞོན་ཁག་ཅིག་ལ་ལོ་གསར་པའི་ནང་རང་རང་གིས་སྤང་བླང་གི་བསམ་བློའི་འཁྱེར་ཕྱོགས་དང་། རེ་བ་སོགས་ག་རེ་བཅང་གི་ཡོད་མེད་བཀའ་འདྲི་ཞུས་པར་པདྨ་བཟང་མོ་ལགས་ཀྱིས། ལོ་གསར་པའི་ནང་དམིགས་ཡུལ་དང་རེ་བ་ཞུ་རྒྱུའི་གནད་ལུགས་མང་པོ་ཡོད་ཀྱང་། ཁོང་རང་ཉིད་ལ་རྒྱུན་དུ་ཁོང་ཁྲོ་ལངས་སླ་པོ་ཡོད་པས། ལོ་གསར་པ་འདིའི་ནང་འདི་ཐད་ཡར་རྒྱས་གཏོང་རྒྱུའི་ཆོད་སེམས་ཡོད་ཅེས་གསུངས་བྱུང་།

ཨ་མ་སྐྱིད་འཛོམས་ལགས་ཀྱིས། ད་རེས་ཀྱི་ལོ་གསར་སྐབས་སུ་གནམ་གཤིས་ཧ་ཅང་བཟང་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཆིབས་སྒྱུར་གནང་བ་ནི་ཧ་ཅང་ཡག་པོ་བྱུང་སྐོར་གསུངས།

བོད་ཀྱི་ཟློས་གར་ཚོགས་པ་ནས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ལོ་གསར་པ་འདིའི་ནང་བོད་མི་ཡོངས་ལ་བཀྲིས་བདེ་ལེགས་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུ་གི་ཡོད་ཅེས་གསུངས་བྱུང་།།