༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་དང་མཆོད་འབུལ་སྨོན་ལམ།

ཕྱི་ཟླ་ ༢ ཚེས་ ༡༩ ཉིན་བཞུགས་སྒར་རྡ་རམ་ས་ལར་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་པ་དང་། ལ་དྭཊ་དང་གཞན་ཡང་བོད་མི་གནས་ཡུལ་གང་སར་ཕྱི་ཚེས་ ༢༠ ཉིན་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞུས་པ།

༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་ ༡༣ པ་བསྟན་འཛིན་ཆོས་རྒྱལ་མཆོག་སྙུང་གཞི་བཞེས་ཏེ་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་བཞུགས་སྒར་རྡ་རམ་ས་ལའི་བཞུགས་གནས་སུ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པ་དང་། ཕྱི་ཟླ་ ༢ ཚེས་ ༡༩ ཉིན་བཞུགས་སྒར་རྡ་རམ་ས་ལར་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་པ་རེད།

སྐབས་དེར་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་དབུས་བླ་སྤྲུལ་དགེ་འདུན་པ། ཡབ་གཞིས་སྐུ་འཁོར་རྣམ་པ། རྡ་སར་གནས་པའི་མི་མང་། ལྷག་པར་མངའ་རིས་རིན་པོ་ཆེའི་མ་དགོན་ལ་དྭགས་ཀླུ་འཁྱིལ་དགོན་པ་ནས་སྐུ་ཚབ་བཅས་ཀྱིས་ཆེད་བཅར་ཞུས་ཏེ་རྗེས་དྲན་གུས་འདུད་ཞུས་ཡོད།

དེ་ཡང་ཀླུ་འཁྱིལ་དགོན་གྱི་དྲུང་ཡིག་བློ་བཟང་བརྩོན་འགྲུས་ལགས་ཀྱིས། རིན་པོ་ཆེ་སྐུ་ཁམས་བདེ་མིན་གྱི་སྙུང་གཞི་བཞེས་ཡོད་པ་དུས་ནས་དུས་སུ་མཇལ་བཅར་སྐབས་ཤེས་རྟོགས་ཡོད་ཀྱང་། ད་རེས་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་པར་ང་ཚོ་དགོན་པའི་དགེ་འདུན་པ་ཚང་མར་སེམས་མི་སྐྱིད་པ་དང་བློ་ཕམ་རང་བཞིན་གྱི་ཡིད་མི་ཆེས་པ་ལྟ་བུར་གྱུར་སོང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བདུན་པ་དང་བརྒྱད་པའི་སྐུ་དུས་ནས་ལ་དྭགས་ཀླུ་འཁྱིལ་དགོན་དང་། དེའི་ཉེ་འདབས་ཀྱི་དགོན་ཁག་མང་པོ་ཞིག་དང་ཐོུང་མ་ཡིན་པའི་འབྲེལ་བ་བྱུང་སྟེ། རིན་པོ་ཆེ་མཆོག་ནི་ཀླུ་འཁྱིལ་དགོན་གྱི་དགོན་བདག་བླ་མ་ཡིན་ཞིང་། ལ་དྭགས་ནང་མཚོན་ན། ལ་དྭགས་སླེ་དང་ཟངས་དཀར་བཅས་སུ་དགོན་བདག་བླ་མར་ངོས་འཛིན་ཞུ་བཞིན་ཡོད་པས། ཁུལ་དེའི་ནང་པའི་ཚོགས་འདུ་དང་། དགོན་པ་ཚོགས་པས་གོ་སྒྲིག་ཞུས་པའི་འོག་སེར་སྐྱ་མི་མང་སྟོང་ཚོ་བརྒལ་བ་འདུས་ཏེ་མྱ་ངན་གུས་འདུད་དང་། ཡང་སྲིད་མྱུར་བྱོན་གྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞུས་ཡོད་པ་རེད།

ལ་དྭགས་ཟངས་དཀར་ནང་ཚོགས་ཀྱི་དབུ་སྐྱོང་གཞོན་པ་བསྟན་འཛིན་བཤེས་གཉེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན། ང་ཚོ་ཟངས་དཀར་མི་མང་གི་དབུའི་དབུ་ཞྭ་བརླག་པ་ལྟར་གྱུར་ཡོད། གང་ལ་ཞེ་ན། འདི་ཁུལ་གྱི་དགོན་ཁག་མང་ཆེ་བའི་དགོན་བདག་བླ་མ་མངའ་རིས་རིན་པོ་ཆེ་རེད། ང་ཚོ་འདི་ཁུལ་གྱི་མི་མང་ཚོས་སྨོན་ལམ་ཞུ་བཞིན་ཡོད་ལ། བོད་རྒྱ་ཆེའི་མི་མང་ལ་མངའ་རིས་རིན་པོ་ཆེའི་ཡང་སྲིད་མྱུར་དུ་བྱོན་པའི་གསོལ་འདེབས་སྨོན་ལམ་གནང་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད་པ་གསུངས་བྱུང་།

མངའ་རིས་རིན་པོ་ཆེ་སྐུ་ཕྲེང་ ༡༣ པ་བསྟན་འཛིན་ཆོས་རྒྱལ་མཆོག་ནི་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་ཚོགས་གཙོ་གནང་མྱོང་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་ལྷན་རྒྱས་དང་བཅས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས་བོད་མི་མང་སྤྱི་འཐུས་དང་། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྡེ་ཁག་དུ་མའི་ནང་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་ལས་མང་དག་ཅིག་གནང་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་དུ། རིན་པོ་ཆེ་མཆོག་གིས་སྐབས་གཉིས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་ཡོད་པ་དང་། བོད་མི་རིགས་དང་རྒྱལ་ཁབ་ཆེད་དུ་ཕྱག་ལས་ཧ་ཅང་མང་པོ་གནང་ཡོད་སྟབས། ཡིད་སྐྱོ་བའི་གནས་ཚུལ་འདི་བྱུང་པ་ཞིག་ཚོར་བྱུང་ཞེས་དང་། ནམ་རྒྱུན་ལོ་གསར་ཚེས་གསུམ་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་གསར་གྱི་དུས་སྟོན་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། ད་རེས་འདི་ལྟར་མི་དགོས་པར་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་པ་ཡིན་ཞེས་གསུངས་བྱུང་།མངའ་རིས་རིན་པོ་ཆེ་མཆོག་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པའི་རྗེས། བཞུགས་སྒར་རྡ་རམ་ས་ལ་གཙོ་བོར་གྱུར་པའི་བོད་མི་གནས་ཡུལ་གང་སར་ལོ་གསར་གྱི་དུས་སྐབས་འདིར་སྤྲོ་སྐྱིད་ཀྱི་རྣམ་པར་མི་རོལ་བར། མྱ་ངན་གུས་འདུད་དང་མཆོད་འབུལ་སྨོན་ལམ་གྱི་འདུ་ཚོགས་རྒྱ་གང་ཆེ་གོ་སྒྲིག་གནང་དང་གནང་མུས་རེད་འདུག།