ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཡོངས་ཀྱིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་བྱས་པའི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོའི་ཐོག འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཡེ་ཀལ་ བྷརཱནཌི་ (Michael Brand) ལགས་དང། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ཡི་རི་ ཨོ་བྷར་ཧྥལ་ཛར་ (Jiri Oberfalzer) ལགས། དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཧནསི་ གྷར་ པོ་ཊེ་རིང་ (Hans-Gert-Pottering) ལགས། ལཊ་ལྦི་ཡ་ (Latvia) གྲོས་ཚོགས་འཐུས་མི་ཇུ་རིསི་ལྦི་ལམསི་ (juris vilums) གཙོ་བོར་གྱུར་བའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་ཅིག་གིས། ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཤིང་། གསུམ་བཅུའི་དུས་དྲན་གྱི་མཛད་སྒོའི་ཐོག རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་དང་བཅས་པར་གཏོར་སྐྱོན་བཏང་དང་གཏོང་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་གསལ་སྟོན་གནང་པ་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཡོང་ཐབས་གནང་དགོས་པའི་སྐོར་ནན་བརྗོད་གནང་སོང་ལ། ཆབ་སྲིད་དང་འབྲེལ་བའི་མི་སྣ་དེ་དག་གིས་བོད་དོན་བདེན་མཐའ་མ་སེལ་གྱི་བར་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་བསྐྱར་ནན་འགྲེལ་བརྗོད་གནང་སོང་བ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་དང་བོད་དོན་ལ་རྒྱབ་སྐྱོར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་སོང་།
ཐེངས་འདིའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་ནས། དུས་དྲན་དང་འབྲེལ་བའི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་པ་བརྒྱུད། རྒྱལ་སྤྱི་ཁྱོན་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། མི་རིགས་ཀྱི་རང་དབང་ཉམས་དམས་སུ་གཏོང་ཞིང་། བོད་ཀྱི་སྐད་ཡིག་དང་ཆོས་ལུགས་སོགས་ཡུལ་གོམས་གཤིས་ལུགས་ལ་ཉམས་ཆག འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་བརྡལ་བཤིག རང་བྱུང་ཁོར་ཡུག་ལ་གནོད་འཚེ་གཏོང་བཞིན་པ་སོགས་ཛ་དྲག་གི་གནས་ཚུལ་མུ་མཐུད་བྱུང་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པར། རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ཀྱི་གནད་དོན་འདི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་མ་ཡིན་པར། ཐག་ཆོད་བྱེད་ཐུབ་མེད་པའི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་ཨ་རི་གཞུང་གིས་གཏན་འབེབས་གསལ་བསྒྲགས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེའི་ནང་གསལ་སྟོན་གནང་ཡོད་པ་སོགས་ནན་བརྗོད་གནང་སོང་།

གསུམ་བཅུའི་དུས་དྲན་གྱི་བྱེད་སྒོའི་ཁྲོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་གོ་སྒྲིག་འོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྡ་སྟེང་གཙུག་ལག་ཁང་གི་རྒྱལ་སྒོ་ནས་རྡ་རམ་ས་ལ་ཤོད་ཀྱི་ཀ་ཅ་རི་ས་ཚིགས་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། དེའི་ནང་བོད་མི་དང་ཕྱི་རྒྱལ་བ་བཅས་མི་གྲངས་བརྒྱ་ཕྲག་ཁ་ཤས་ཀྱིས་མཉམ་ཞུགས་གནང་འདུག་ལ། དེའི་ཁོངས་ནས་བོད་མི་ཁག་ཅིག་གིས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་འདི་ནི་བོད་མི་ཚང་མར་གལ་གནད་ཆེན་པོ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དང་། ལོ་ལྟར་མུ་མཐུད་གསུམ་བཅུའི་དུས་དྲན་སོགས་ལས་འགུལ་ཁག་གི་ནང་མཉམ་ཞུགས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་ཡང་བཞུགས་སྒར་དུ་གནས་སྡོད་བསྟན་འཛིན་ཡར་འཕེལ་ལགས་ཀྱིས། དེ་རིང་གི་དུས་ཚིགས་འདིར་སྔར་བོད་ནང་དུ་བོད་མི་མང་པོས་རང་སྲོག་བློས་བཏང་གནང་ཡོད་ལ། ད་ལྟ་ཡིན་ནའང་བོད་ནང་དུ་རང་དབང་མེད་པས་ཧ་ཅང་སེམས་སྐྱོ་པོ་རེད་ཅེས་དང་། བུ་མོ་བསྟན་འཛིན་དཔལ་འཛོམས་ལགས་ཀྱིས། དེ་རིང་བོད་རང་བཙན་ཤོར་བའི་ཉིན་མོ་ཞིག་ཡིན་པས་ཧ་ཅང་སེམས་སྐྱོ་ཡི་འདུག་པས། ལོ་ལྟར་བཞིན་དེ་རིང་ཡང་ཁོང་གསུམ་བཅུའི་དུས་དྲན་གྱི་སྐད་འབོད་ལས་འགུལ་ནང་མཉམ་ཞུགས་གནང་པ་ཡིན་ཞེས་གསུངས་བྱུང་།

ཡང་བྱམས་པ་ལགས་ཀྱིས། གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན་པས། བོད་དུ་ཆ་མཚོན་ན་ད་ལྟའི་ཆར་བོད་ཀྱི་རྒྱལ་དར་སོགས་འཕྱར་མི་ཆོག་པ་སོགས་ཀྱི་གནས་སྟངས་ཛ་དྲག་ཧ་ཅང་ཆེ་བས། ཕྱི་གྱར་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རང་དབང་འཐབ་རྩོད་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་དགོས་པ་གསུངས་ཀྱི་འདུག་ལ། བསྟན་འཛིན་ཉི་མ་ལགས་ཀྱིས་ངོ་གདོང་དང་ལག་ཏུ་མཚོན་སྣས་བྲིས་པའི་བོད་ཀྱི་རྒྱལ་དར་གྱི་རི་མོ་རྣམས་སྟོན་བཞིན། བོད་མི་རྣམས་ནས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སོགས་ཀྱི་ནང་མཉམ་ཞུགས་དགོས་གལ་ཆེ་ཡང་། ཁོང་ཡིན་ན་ལོ་ལྟར་བཞུགས་སྒར་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཁག་ནང་མཉམ་ཞུགས་གནང་གི་ཡོད་ལ།་མ་འོངས་འཛམ་གླིང་ས་ཕྱོགས་གང་དུ་སོང་ཡང་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་ངེས་ཡིན་སྐོར་གསུངས་བྱུང་།
རྩ་བའི་ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན་འཛམ་གླིང་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་དང་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དང་ཉེ་འཁོར་གྱི་གྲོང་ཁྱེར་སོ་སོར་སྐད་འབོད་སོགས་རྣམ་པ་འདྲ་མིན་གྱི་ལས་འགུལ་སྣ་མང་སྤེལ་གྱི་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
