སྦག་སྦག་སྐོར་སྐྱོད་དང་། རྒྱང་རྒྱུག་གནང་སྟེ་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས།

ནུབ་སྦང་གྷལ་ནང་སྦག་སྦག་སྐོར་སྐྱོད་དང་། རྒྱང་རྒྱུག་གནང་སྟེ་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་པ།

༢༠༢༦ ཕྱི་ཟླ་ ༣ ཚེས་༡༠ ཉིན་ཀ་བློན་སྦུག་དང་། རྡོ་རྗེ་གླིང་། སྒང་ཐོག ར་ཝང་ལ། སུ་ན་མདའ། ས་ལུ་སྒར་ཁུལ་དུ་གནས་སྡོད་བོད་མི་ཚོས་ནུབ་སྦང་གྷལ་གྱི་གྲོང་ཁྱེར་ཤི་ལི་སྒུ་རིའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་དུས་དྲན་སྲུང་རྕིས་ཞུས་གནང་སོང་།

གསུམ་བཅུའི་དུས་དྲན་ཉིན་མོ་དང་སྟབས་བསྟུན་བྱང་ཤར་ས་གནས་གཞོན་ནུས་གོ་སྒྲིག་ཐོག་ས་གནས་མི་རིཀ་ནས་ས་ལུ་སྒར་བར་ཁྱོན་རྒྱང་ཐག་སྤྱི་ལི་ ༦༠ ཙམ་གྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་རེད། དེ་བཞིན་བོད་པའི་རྒྱང་རྒྱུག་འགྲན་རྩོད་པ་ཟླ་བ་ནོར་བུ་ལགས་དང་ཁོང་གི་བཟའ་ཟླ་བདེ་སྐྱིད་དཔལ་འཛོམས་ལགས་རྣམས་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་ནང་གི་རྒྱང་རྒྱུག་འགྲན་རྩོད་པ་སུ་ནི་ཊ་སུ་བྷ་ (Sunita Subba ) ལགས་དང་མཉམ་རྡོ་རྗེ་གླིང་ནས་ས་ལུ་སྒར་བར་ཁྱོན་རྒྱང་ཐག་སྤྱི་ལི་ ༧༠ ལྷག་གི་སར་རྒྱང་རྒྱུག་གནང་ཡོད་པ་རེད།

སུ་ནི་ཏ་སུ་བྷ་ལགས་ཀྱིས། ཁོང་ལས་འགུལ་ནང་མཉམ་ཞུགས་གནང་དོན་གཙོ་བོ་ནི་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་། ཁོང་གི་རེ་བར་མ་འོངས་པར་ས་གནས་ཡུལ་མི་རྒན་གཞོན་ཚང་མས་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་སྔར་ལྷག་ཐོབ་སྟེ་བོད་དོན་བདེན་མཐའ་གསལ་བའི་སྨོན་འདུན་ཞུ་བཞིན་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་བོད་པའི་རྒྱང་རྒྱུག་འགྲན་རྩོད་པ་བདེ་སྐྱིད་དཔལ་འཛོམས་ལགས་ཀྱིས་མ་འོངས་པར་གསུམ་བཅུའི་དུས་དྲན་ཉིན་བོད་མི་རྒན་གཞོན་དར་གསུམ་ནས་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་སྒེར་དོན་བཞག་ནས་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་གནང་སོང་།

ད་རེས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་བསྟན་འཛིན་དབང་འདུས་ལགས་ཀྱིས་ཁོང་ད་རེས་ཊིས་ཊ་ནས་ས་ལུ་སྒར་གྱི་བར་ཁྱོན་རྒྱང་ཐག་སྤྱི་ལེ་ ༥༠ ལྷག་གོམ་བགྲོད་གནང་དོན་གཙོ་བོ་ནི་བོད་དོན་ལ་རྒྱབ་སྐྱོར་དང་བོད་དོན་བདེན་མཐའ་གསལ་བའི་ཆེད་དུ་ཡིན་པ་གསུངས་བྱུང་།

ཡང་ནོར་ཝེ་ནས་ཕེབས་པའི་ཕྱི་རྒྱལ་བ་ཧཱཡི་ཌི་ལྗོན་སེན་ལགས་ཀྱིས། རྒྱ་ནག་གཞུང་ལ་བརྡ་ལན་གཙོ་བོ་དེ་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་པ་དང་། ལྷག་པར་བོད་ཀྱི་ཆོས་ལ་གུས་བཀུར་དང་བོད་མི་ཚོར་ཆོས་དད་དང་སྨྲ་བརྗོད་ཀྱི་རང་དབང་། རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས་པ་མ་ཟད། བོད་མི་ཚོར་དྲག་གནོན་བྱ་རྒྱུ་ཕྲལ་དུ་མཚམས་འཇོག་བྱ་དགོས་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་རང་ལོ་ ༨༤ སོན་པ་ཕ་བསྟན་འཛིན་དགེ་ལེགས་ལགས་ཀྱིས་སྔ་ཕྱི་མ་གཏོགས་བོད་དོན་བདེན་མཐའ་གསལ་བའི་རེ་བ་དང་། ཡིད་ཆེད། ཆོད་སེམས་བརྟན་པོ་ཡོད་པ་གསུངས་སོང་།