ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་ཏེ་མི་ལོ་ ༦༧ འཁོར་བའི་དུས་དྲན་ཆགས་ཀྱི་ཡོད་པ་དང་། བཞུགས་སྒར་དུ་དྲག་ཆར་རླུང་ཚུབ་ཀྱི་ཁྲོད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་རླངས་འཁོར་བབ་ཚུགས་སུ་འདུ་འཛོམས་གནང་སྟེ་དུས་དྲན་སྲུང་བརྩི་ཞུས་འདུག

སྐབས་དེར་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཀེའུ་ཚང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས། ཁོང་དེ་སྔ་རྒྱ་ནག་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་སྐབས་དགུང་ལོ་བཅུ་དྲུག་ཡིན་པས་སྐབས་དེར་དབུས་གཙང་ཁུལ་གྱི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་གསུངས་པ་དང་མཉམ། ཉེ་ལམ་ཁོང་བལ་ཡུལ་དུ་གནས་སྐོར་དུ་ཕེབས་སྐབས་རྒྱ་རིགས་ཁག་ཅིག་གིས་སྣེ་ཁྲིད་པའི་བོད་ནས་བོད་མི་གནས་སྐོར་བའི་ཚོགས་ཁག་གཅིག་དང་ཐུག་འཕྲད་བྱུང་ཡོད་པ་གསུངས་ཤིང་། བོད་མི་དེ་དག་བལ་ཡུལ་ནང་གི་དགོན་པ་ཁག་ཏུ་མཇལ་ཁར་བསྐྱོད་སྐབས་དགོན་པ་འགའ་ཤས་ཀྱི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཇལ་སྐབས་མིག་ཆུ་གཏོང་གི་ཡོད་པ་གཟིགས་འདུག་ལ། ད་ལྟའང་བོད་ནང་དུ་རང་དབང་རྩ་ནས་མེད་ཅིང་གནས་སྟངས་ཧ་ཅང་དམ་དྲག་འོག་ཡོད་པ་བཀའ་མོལ་བྱུང་སྐོར་འགྲེལ་བརྗོད་གནང་ཐོག རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་ནང་གི་བོད་མི་རྣམས་ཀྱི་སེམས་ཤུགས་ད་ལྟའང་གསོན་པོར་གནས་ཡོད་པ་མངོན་བྱུང་ཞེས་གསུངས་སོང་།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། བུད་མེད་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུ་དགོས་པའི་གལ་གནད་སྐོར་ངོ་སྤྲོད་གནང་སྐབས། བོད་མི་མི་རབས་རྒན་པ་རྣམས་ཀྱིས་དེ་སྔ་བོད་ནང་རྒྱ་གཞུང་གི་བཙན་གནོན་འོག་བོད་མིའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱི་ལོ་རྒྱུས་རྣམས་གཞོན་སྐྱེས་མི་རབས་རྣམས་ལ་ངོ་སྤྲོད་གནད་ཐུབ་ཚེ། མ་འོངས་བོད་མི་གཞོན་སྐྱེས་མི་རབས་རྣམས་ཀྱིས་བོད་དོན་ལ་དོ་ཁུར་དང་ལས་འགུལ་ཁག་ནང་མཉམ་ཞུགས་གནང་རྒྱུར་ཁྱད་པར་ཡོང་ངེས་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་གླུ་པ་དང་རྩོམ་པ་པོ། ཁོར་ཡུག་སྲུང་སྐྱོབ་པ། ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཐད་འགན་ཁུར་བ་བླ་ཆེན་དང་སེར་སྐྱ་ཕོ་མོ་སོགས་བོད་མི་རིགས་ཀྱི་བདེ་སྡུག་ཀྱི་ལས་དོན་ཆེ་ཆུང་ཅི་རིགས་སྒྲུབ་མཁན་རྣམས་ལ་ཆབ་སྲིད་ཀྱི་ཉེས་མིང་བཏགས་ཏེ་གང་བྱུང་འཛིན་བཟུང་གིས་བཅར་རྡུང་བཏང་བ་དང་། གར་སོང་ཆ་མེད་དུ་བཏང་བ་སོགས་ཡོང་གི་ཡོད་པ་འགྲེལ་བརྗོད་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་མཁྲེགས་འཛིན་གི་སྲིད་བྱུས་དེ་དག་དབང་ཆ་གཅིག་སྡུད་དང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཤིག་ཡིན་པ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ངོས་ལེན་བྱེད་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་སོང་།
འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཀྱི་ཉིན་མོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སོགས་ལས་འགུལ་སྤེལ་ཡོད་པ་རེད།།
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
