“ས་གནས་ཁག་ཏུ་བོད་དོན་ངོ་སྤྲོད་ཆེད་ཞུ་གཏུག་དང་དྲིལ་བསྒྲགས་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུ།”

ས་གནས་ཁག་ཏུ་བོད་དོན་ངོ་སྤྲོད་ཆེད་ཞུ་གཏུག་དང་དྲིལ་བསྒྲགས་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུའི་འདུན་པ་ཡོད་སྐོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་བཅར་མཁན་ཁག་ཅིག་གིས་གསུངས་བྱུང་།

ས་གནས་ཁག་ཏུ་བོད་དོན་ངོ་སྤྲོད་ཆེད་ཞུ་གཏུག་དང་དྲིལ་བསྒྲགས་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུའི་འདུན་པ་ཡོད་སྐོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་བཅར་མཁན་ཁག་ཅིག་གིས་གསུངས་བྱུང་།

བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་ཞུས་པ་གཅིག་པུ་མ་ཡིན་པར། ས་གནས་སོ་སོར་བོད་དོན་གོ་རྟོགས་སྤེལ་རྒྱུའི་དམིགས་ཡུལ་བཅང་རྒྱུ་འདི་གལ་ཆེ་ཡིན་པའི་སྐོར་ཕྱི་ཚེས་ ༡༢ དང་ ༡༣ ཉིན་རྡ་རམ་ས་ལར་ཚོགས་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༨ པའི་ཐོག་ཚོགས་བཅར་ཞུས་པའི་ཚོགས་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་ཨ་ནནྡ་ཀུ་མར་ (Anand Kumar) ལགས་ཀྱིས། ད་ལྟ་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༢༤ ཙམ་ཡོད་པས་མ་འོངས་པར་ཁོང་རྣམས་ཀྱིས་བོད་དོན་གོ་རྟོགས་དང་དྲིལ་བསྒྲགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཏེ། རྒྱབ་སྐྱོར་ཚོགས་པ་དེ་བས་མང་བ་གསར་འཛུགས་ཐུབ་པ་བྱ་རྒྱུ་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་གིས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་འདི་ལྟ་བུའི་ནང་གདན་ཞུ་ཐུབ་ཐབས་གནང་རྒྱུར་འབད་བརྩོན་གནང་རྒྱུ། བཙན་བྱོལ་ནང་གི་བོད་མི་ཚོར་ཉིན་རེའི་འཚོ་བའི་ཁྲོད་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་ཡོད།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོགས་ཆེན་བརྒྱད་པའི་མཛད་སྒོར་གསུང་བཤད་གནང་བཞིན་པ།
ཁརེ་མེད་རིན་ཆེན་མཁའ་འགྲོ་ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོགས་ཆེན་བརྒྱད་པའི་མཛད་སྒོར་གསུང་བཤད་གནང་བཞིན་པ། (RFA Tibetan)

ཡང་རྒྱ་གར་ཨ་རུ་ན་ཅལ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་གོ་ཇུམ་མ་ཧིམ་ཡ་དྷུ་ལགས་ཀྱིས། ད་རེས་ཀྱི་ཚོགས་ཆེན་འདིར་གྲོས་ཆོད་ཧ་ཅང་ཡག་པོ་བཞག་ཐུབ་ཡོད་ཅིང་། ཁོང་ཕྱིར་ས་གནས་སུ་འབྱོར་རྗེས་ས་གནས་ཀྱི་འགོ་ཁྲིད་དང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཁག་ལ་ཐུག་འཕྲད་ཀྱིས་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། རྒྱ་གར་གྱི་སྲིད་བློན་མཆོག་ལ་བོད་མིའི་རེ་འབོད་གསན་བཞེས་ཡོང་བ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྣེ་ལེན་མཐུན་འགྱུར་གང་ཡོང་ཞུ་དགོས་པའི་ཕྱག་བྲིས་འབུལ་རྒྱུ། རྒྱ་གར་གྱི་གྲོས་ཚོགས་སུ་བོད་དོན་གླེང་སློང་ཡོང་ཐབས་སླད་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྐུལ་གནང་རྒྱུ་ཡིན་སྐོར་གསུངས་བྱུང་ལ། ས་ཅིན་ལགས་ཀྱིས། ཁོང་དང་ཁོང་གི་ཕྱག་རོགས་ཚང་མས་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཇེ་ཆེར་གཏོང་རྒྱུའི་འདུན་པ་བཅང་གི་ཡོད་པ་དང་། རྒྱ་གར་མ་ཧ་ར་ཤི་ཊ་མངའ་སྡེ་ནང་གི་གྲོང་ཁྱེར་ཆེ་ཆུང་མང་པོའི་ནང་བོད་དོན་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་གནང་ཡོད་ཅིང། ཉིན་འགའ་ཤས་རྗེས་ཨམ་ར་ལྦ་ཏི་ཞེས་པའི་ས་གནས་སུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་སྒྲིག་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོགས་ཆེན་བརྒྱད་པའི་མཛད་སྒོར་གསུང་བཤད་གནང་བཞིན་པ།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོགས་ཆེན་བརྒྱད་པའི་མཛད་སྒོར་གསུང་བཤད་གནང་བཞིན་པ། (RFA Tibetan)

ཡང་བོད་དོན་རྒྱབ་སྐྱོར་བ་ཧར་ཤ་པ་ཊི་ལགས་ཀྱིས། ཚོགས་ཆེན་འདིའི་བརྒྱུད་ཁོང་རྣམས་ཀྱིས་བོད་དོན་སྐོར་གོ་རྟོགས་གང་བྱུང་པ་དེ་དག་ས་གནས་ཀྱི་མང་ཚོགས་ལ་བརྒྱུད་སྤྲོད་གོ་རྟོགས་སྤེལ་ཏེ། བཙན་བྱོལ་དུ་ཡོད་པའི་བོད་ཀྱི་ཕྲུ་གུ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་རོགས་སྐྱོར་ག་རེ་ཞུ་ཐུབ་མིན་དང་། བོད་ཀྱི་བུད་མེད་རྣམས་ཀྱི་བདེ་འཇགས་སོགས་ཀྱི་ཐད་མཐུན་འགྱུར་ག་རེ་ཞུ་ཐུབ་མིན་ཐད་ལས་ཀ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་།

གཞན་ཡང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་སྒྲིལ་དང་བསྟུན་ཁོང་རྣམས་ཀྱི་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་བསྒྲགས་གཏམ་སྤྱི་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པར་ངོ་རྒོལ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་གནོད་སྐྱོན་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་ཤེས་ཡོན་དང་སྤྱི་ཚོགས་དྲྭ་ལམ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་རྒྱ་གར་གྱི་གཞོན་སྐྱེས་དང་སྤྱི་ཚོགས་ཁྲོད་བོད་དོན་ཐད་གོ་རྟོགས་ཁྱབ་ཇེ་ཆེར་སྤེལ་རྒྱུ་སོགས་འཁོད་འདུག ཚོགས་འདུ་མཇུག་སྡོམ་མཛད་སྒོར་མཚོན་ན་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཆེད་ཕེབས་ཀྱིས། རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་སོང་།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོགས་ཆེན་བརྒྱད་པའི་མཛད་སྒོར་གསུང་བཤད་གནང་བཞིན་པ།
བོད་མིའི་སྒྲིག་འཛུཊ་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོགས་ཆེན་བརྒྱད་པའི་མཛད་སྒོར་གསུང་བཤད་གནང་བཞིན་པ། (RFA Tibetan)

ཐེངས་འདིའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་བཅས་ཁྱོན་ ༣༠༠ མ་ཟིན་ཙམ་ཆེད་ཕེབས་ཀྱིས། ཚེས་ ༡༢ ཉིན་ཁོང་རྣམས་ཀྱིས་ (India’s Role in Sino-Tibet Conflict) ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱ་གར་གྱི་འགན་ནུས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་ལ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཆེས་ཐོག་མ་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་རང་བཙན་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཇཡེ་པྲཀཱཤ་ནཱ་རཱ་ཡན་ (Jai Prakash Narayan) མཆོག་གི་དབུ་ཁྲིད་འོག་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏར་ཚོགས་ཡོད་པ་རེད།།

པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།